རྫ་དབོན་པོ་དགོན་གྱི་དགེ་འདུན་པ་༩ ག་སོང་ཆ་མེད་དུ་གྱུར་པ།

 པར་འདེབས།

ཕྱི་ལོ་༢༠༡༣ ཟླ་ ༥ ཚེས་༢༩ ཉིན། རྒྱ་གར་ལྷོ་ཕྱོགས་སེ་ར་དགོན་བྱ་བྲལ་ཁང་ཚན་གྱི་གྲྭ་བྱམས་པ་ཡོན་ཏན་ལགས་ཀྱིས་འགྲེལ་བརྗོད་གནང་གསལ་ལྟར་ན། སྔ་ལོ་༢༠༡༢ ཟླ་༡༠ ཚེས་༡༥ ནས་༢༤ བར་དབོན་པོ་ཡུལ་དགོན་གཉིས་ནས་སེར་སྐྱ་མང་ཚོགས་གྲངས་༢༧ ཙམ་འཛིན་བཟུང་བྱས་ཡོད་པ་དང་། དེ་ནས་བཟུང་དབོན་པོ་དགོན་གྱི་དགེ་འདུན་པ་༩ ད་བར་ག་སོང་ཆ་མེད་དུ་གྱུར་ཡོད་འདུག

ཡུན་རིང་འཚོལ་མྱུལ་བྱས་པ་བརྒྱུད་ཉེ་ཆ་སི་ཁྲོན་ཞིང་ཆེན་གྱི་ཁོངས་གཏོགས་རོང་བྲག་རྗོང་གི་བཙོན་ཁང་དུ་དགེ་འདུན་པ་༦ བཀག་ཉར་བྱས་ཡོད་པ་ཤེས་རྟོགས་བྱུང་ཡོད་ན་ཡང་། དགེ་འདུན་པ་དགུའི་ཁོངས་ནས་བགྲེས་ཤོས་ཡིན་པ་དགོངས་ལོ་༤༧་ཅན་གྱི་དགེ་འདུན་པ་ཆོས་དར་ཟེར་བ་ཞིག་ཡོད་པ་དེ་གོང་གསལ་དགེ་འདུན་པ་དྲུག་དང་ལྷན་དུ་མེད་པ་གསལ་བོ་ཤེས་ཡོད་འདུག དགེ་འདུན་པ་གཞན་རྣམས་ད་དུང་གང་དུ་ཡོད་མེད་སུས་ཀྱང་ཤེས་རྟོགས་གང་ཡང་མེད་པ་རེད།

ཁོང་ཚོ་འཛིན་བཟུང་བྱེད་དགོས་དོན་ནི་༢༠༡༢ ཟླ་༢ ནང་དུ་དབོན་པོ་ཡུལ་ཚོ་ནང་དུ་ཞང་གི་སློབ་གྲྭ་ཞིག་ཡོད་པ་དང་། སློབ་གྲྭ་དེར་རྒྱ་ནག་གི་རྒྱལ་དར་བསྒྲེངས་འཛུགས་བྱས་ཡོད་པ་དེ་མར་ཕབ་ནས་དེའི་ཚབ་ཏུ་བོད་པའི་རྒྱལ་དར་བསྒྲེངས་འཛུགས་བྱས་པ་དང་། ཡིག་ཆ་གཏོར་བ་སོགས་ཀྱི་ངོ་རྒོལ་བྱས་སྟབས་དམག་མི་མང་པོ་འབྱོར་ནས་ཟླ་གཅིག་གི་རིང་ཡུལ་དགོན་དུ་མི་བདེ་བ་བཟོས་པ་རེད།

དེའི་སྐབས་བོད་མི་འཛིན་བཟུང་སོགས་ཀྱི་གནས་ཚུལ་བྱུང་མེད་ན་ཡང་། ཟླ་༩ བའི་ནང་དུ་སྔ་བཞིན་ངོ་རྒོལ་བྱུང་ནས་ཚེས་༡༥ ཡི་དགོང་མོར་དབོན་པོ་ཡུལ་དགོན་གཉིས་སུ་དམག་མི་འབོར་ཆེན་བསླེབས་ནས་སེར་སྐྱ་མི་མང་འཛིན་བཟུང་གི་ལས་འགོ་དེ་ནས་བརྕམས་པ་དང་། དེའི་སྐབས་ཕྱི་ལོག་ནས་སློབ་གཉེར་བྱེད་དུ་ཕེབས་མཁན་དགེ་འདུན་པ་འགའ་ཞིག་ཀྱང་འཛིན་བཟུང་བྱས་ཡོད་པ་རེད། གོང་འཁོད་དགེ་འདུན་པ་ཁོང་རྣམས་དེ་འདྲའི་དོན་རྐྱེན་དང་ཉེས་མིང་འོག་རྒྱ་གཞུང་གིས་འཛིན་བཟུང་བྱས་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་དང་།

གོང་གསལ་བཞིན་ཟི་ཁྲོན་ཞིང་ཆེན། དཀར་མཛེས་ཁུལ། སེར་ཤུལ་རྫོང་། རྫ་སྨད་གྲོང་བརྡར།  དབོན་པོ་ཡུལ་ཚོ།  དབོན་པོ་དགོན་དགའ་ལྡན་བཤད་སྒྲུབ་དར་རྒྱས་གླིང་གི་དགེ་འདུན་པ་དགུའི་སོ་སོའི་མིང་དང་ལོའི་སྐོར་གསུངས་གསལ།  ཆོས་དར། ལོ་༤༧ དང་། སྐྱ་པེ་ལོ། ༢༧  མི་འཁྲུགས། ལོ་ ༢༥  དགེ་འདུན། ལོ་ ༢༤  བསོད་མགོན། ལོ་ ༢༢ བསོད་ཆོས། ལོ་ ༢༢  མཁས་གྲུབ། ལོ་ ༢༢ ནོར་བུ། ལོ་ ༢༠  དབྱིག་གཉེན། ལོ ༡༩ བཅས་ཡིན་འདུག ཅེས་འགྲེལ་བརྗོད་གནང་སོང་།
གསར་འགོད་པ་དོན་འགྲུབ

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།



བརྗོད་གཞི་གཞན་ཁག་ལ་གཟིགས།