choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


ཆབ་སྲིད་བཙོན་པ་སོག་རྫོང་བློ་གྲོས་རྒྱ་མཚོ་ལགས་གློད་བཀྲོལ་བཏང་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༣ ཟླ་ ༥ ཚེས་ ༡༩ ཉིན། འདི་གར་ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༣ ཉིན་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ནག་ཆུ་ས་ཁུལ་སོག་རྫོང་ཁོངས་ནས་ཡིན་པ་ཆབ་སྲིད་བཙོན་ཟུར་བློ་གྲོས་རྒྱ་མཚོ་ལགས་ལྷ་སའི་ཆུ་ཤུལ་བཙོན་ཁང་ནས་ཕྱི་ལོ་ ༢༠༡༣།༥།༢ ཉིན་གྱི་སྔ་དྲོ་གློད་བཀྲོལ་བཏང་བའི་གནས་ཚུལ་ཐོན་འདུག

དེ་ཡང་སོག་རྫོང་བློ་གྲོས་རྒྱ་མཚོ་ལགས་ནི་ཕྱི་ལོ་ ༡༩༦༢ ལོར་ཕ་འཇིགས་མེད་ཚེ་འདས་དང་མ་བསོད་ནམས་ཡེ་ཤེས་གཉིས་སུ་སོག་རྫོང་ཚ་དབྲོག་ཤང་སོག་མཁར་གྲོང་སྡེར་འཁྲུངས་པ་དང༌། སྤུན་ཆུང་བ་བསྟན་འཛིན་དར་རྒྱས་དང༌། སྲིང་མོ་ལྔ་ཙམ་ཡོད་འདུག བློ་གྲོས་རྒྱ་མཚོ་ལགས་ནི་དེ་སྔ་སོག་རྫོང་ཟློས་གར་ཚོགས་པའི་ནང་འཁྲབ་སྟོན་པ་བྱེད་མྱོང་ཞིང༌། ཤེད་ཤུགས་ལྡན་པས་ནག་ཆུ་ས་ཁུལ་དུ་ཤེད་རྡོ་བཀྱགས་ནས་ཐེངས་གཉིས་ཙམ་ཨང་དང་པོའི་བྱ་དགའ་ལེན་མྱོང་ཡོད་འདུག

དེ་ཡང་ཁོང་ཐོག་མར་བཙོན་ཁང་དུ་ཚུད་རྐྱེན་ནི་ཕྱི་ལོ་ ༡༩༩༣ ཟླ་ ༡ ཚེས་ ༡༧ ཉིན་ཁོང་གི་སྲིང་མོ་ཞིག་འདས་གྲོངས་སོང་བའི་དོན་དུ་ས་གནས་སུ་ཁྲིམས་གཏུག་བྱས་ཀྱང་ཕན་འབྲས་མ་སོན་པར་མཐར་འཁྲུག་འཛིང་བྱུང་རྗེས་མི་གཞན་དེས་ཐུང་མདའ་རྒྱག་གྲབས་བྱེད་སྐབས། ཁོང་གིས་གྲི་གཡུགས་པ་སོགས་ལས་མི་གཞན་དེ་རྨས་སྐྱོན་ཕོག་སྟེ་སྨན་ཁང་དུ་ལུས་རྗེས་འདས་གྲོངས་སུ་གྱུར་ཡོད། སྐབས་དེར་ཁོང་རང་འཛིན་བཟུང་བྱས་རྗེས་ནག་ཆུ་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་ཕྱི་ལོ་ ༡༩༩༤ ཟླ་ ༤ ཚེས་ ༢༠ ཉིན་དུས་བཀག་བཙོན་བཅུག་ལོ་ ༡༥ བྱ་རྒྱུའི་ཁྲིམས་ཐག་བཅད་དེ་གྲྭ་བཞི་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པ་དང༌། གྲྭ་བཞི་བཙོན་ཁང་རུ་ཁག་དང་པོའི་ཁོངས་བཙོན་འཇུག་བྱེད་མུས་སྐབས་སུ་ཕྱི་ལོ་ ༡༩༩༥ ཟླ་ ༣ ཚེས་ ༤ ཉིན་བོད་ནང་གི་སྔ་དྲོའི་ཚོུད་ ༡༢ གཡས་གཡོན་དུ་བློ་གྲོས་རྒྱ་མཚོ་ལགས་ཀྱིས་གྲྭ་བཞི་བཙོན་ཁང་གི་རུ་ཁག་དང་པོའི་ནང་ཤོག་བུ་ཆེ་བ་ཞིག་གི་སྟེང་དུ་བོད་མི་དམངས་ལ་མི་ལོ་ ༣༦ རིང་རང་དབང་མེད་པ་དེར་ངས་དེ་སྔོན་ནས་ངོ་རྒོལ་བྱ་སེམས་ཡོད་ཐོག་ད་ལོ་ལྷག་པར་བོད་མི་དམངས་ཀྱིས་རང་བཙན་རྩོད་ལེན་བྱེད་པའི་འགག་རྩའི་དུས་སྐབས་ཡིན་པས། ངས་དེ་རིང་བོད་མི་མང་གི་ཚབ་བྱས་ནས་འབོད་ཚིག་སྒྲོག་རྒྱུ་ཡིན། ཞེས་བྲིས་པའི་ཡི་གེ་ཞིག་གྲྭ་བཞི་བཙོན་ཁང་རུ་ཁག་དང་པོའི་ནང་སྐད་ཤུགས་ཆེན་པོས་ཀློག་ཡོད་འདུག་ལ། སྐད་འབོད་ཀྱང་གནང་འདུག་ཅིང༌། སྐད་འབོད་ཀྱི་ནང་དོན་གཙོ་བོར།

བོད་རང་བཙན་ཡིན། ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་དུ་ཡོད་པའི་རྒྱ་མི་ཚང་མ་རྒྱ་ནག་ཏུ་ལོག་དགོས། སོགས་ཀྱི་འབོད་ཚིག་སྒྲོག་བཞིན་དུ་སྔ་ས་ནས་གྲ་སྒྲིག་བྱས་པའི་ལག་བྲིས་ཡིག་ཆ་ཁྱོན་ཆེ་ཞིག་ཡོད་པའི་ནང་དོན་གཙོ་བོར་༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་རང་བཙན་ཡིན། བོད་ཀྱི་བདག་པོ་བོད་མི་ཡིན། སོགས་འཁོད་པའི་ཡིག་ཆ་དེ་དག་གྲྭ་བཞི་བཙོན་ཁང་གི་རུ་ཁག་ལྔ་པའི་གཤམ་ཙམ་ནས་འགོ་བཙུགས་ཏེ་རུ་ཁག་དྲུག་པ་དང༌། བཞི་པ། གཉིས་པ། དང་པོ་བཅས་ཀྱི་མདུན་ངོས་དང་རུ་ཁག་དང་པོའི་སྒོ་རྭའི་ནང་ཡི་གེ་དེ་དག་གཏོར་འགྲེམས་བྱས་འདུག་ཅིང༌། སྐབས་དེར་བཙོན་སྲུང་བ་མི་གྲངས་བདུན་ཡོང་སྟེ་བློ་གྲོས་རྒྱ་མཚོ་ལགས་ཀྱི་ལག་ནས་ཡི་གེ་འཕྲོག་པ་དང་གོས་དང་ལྷམ་སོགས་ཕུད་དེ་མཐེབ་ལྕགས་བརྒྱབ་སྟེ་ཉེས་རྡུང་ཚད་མེད་བཏང་རྗེས་ཐག་པས་བདམས་ཏེ་ཟུར་བཀག་ཁང་དུ་བཅུག་པ་དང༌། ཐག་པ་བཀྲོལ་རྗེས་སླར་ཡང་ཉེས་རྡུང་གཏོང་བཞིན་པར་བཙོན་སྲུང་འགོ་དཔོན་ཀྲའོ་ནས་ཁྱོད་ཀྱིས་བྱས་པ་དེ་ནོར་བ་མ་རེད་དམ་ཅེས་སྐད་ཆ་དྲིས་སྐབས། བློ་གྲོས་རྒྱ་མཚོ་ལགས་ནས་ངས་ནོར་མེད་ཅེས་བརྗོད་སྐབས། བཙོན་སྲུང་བ་དེ་ཚོས་ཁོང་གི་སྐྲ་ནས་འཇུས་ཏེ་ཉེས་རྡུང་བཏང་བར། བློ་གྲོས་རྒྱ་མཚོས་ང་བསད་ཀྱང་ཁས་ལེན་གྱི་མ་རེད། ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཁྲི་ལོར་བརྟན་པར་ཤོག བོད་རང་བཙན་ཡིན། ཞེས་མུ་མཐུད་སྐད་འབོད་བྱེད་སྐབས་བཙོན་སྲུང་བས་ཁོང་གི་སྐེ་བཙིར་བ་དང་རྡོག་རྫིས་གཏོང་བ་སོགས་དྲན་པ་མ་འཐོར་བར་ཉེས་རྡུང་ཚད་མེད་བཏང་སྟེ་ཕྱི་ལོ་ ༡༩༩༥ ཟླ་ ༣ ཚེས་ ༤ ནས་ ༡༩༩༥ ཟླ་ ༤ ཚེས་ ༥ བར་སྡུག་སྦྱོང་སྣེ་མང་བཏང་ཡོད།

སྐབས་དེར་ཁོང་གི་སྐོར་བཙོན་སྲུང་བ་སོགས་ནས་ཞུ་གཏུག་གིས་སྲོག་ཐོག་གཏོང་རྒྱུའི་ཉེན་ཁའི་གནས་སུ་ཡོད་པའི་གནས་ཚུལ་སྐོར་བོད་ནས་ལན་མང་ཞུ་འབྱོར་བྱུང་སྟེ་རྒྱལ་སྤྱིའི་སྟེང་ཞུ་བརྒྱུད་ཡོང་བའི་འབོད་སྐུལ་བྱུང་བ་ལྟར། འབྲེལ་ཡོད་ཁག་ནས་འབོད་སྐུལ་ཞུས་འབྲས་སུ་མཉམ་སྦྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་སོགས་ནས་རྒྱ་ནག་གཞུང་ལ་བཀའ་རྩད་ནན་པོ་གནང་བའི་མཇུག་འབྲས་སུ་མཐར་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་ཁོང་ལ་རྒྱལ་ཁབ་ཁ་བྲལ་གྱི་ལས་འགུལ་སྤེལ་བའི་ཉེས་མིང་བཙུགས་ཏེ་དུས་བཀག་བཙོན་བཅུག་ལོ་ ༦ འཕར་མ་བཏང་སྟེ་རྒྱལ་སྤྱིའི་གནོན་ཤུགས་ལས་གཡོལ་ཐབས་བྱེད་དགོས་བྱུང་ཡོད།

དེའི་མཇུག་གོ་ཐོས་ལྟར་ན་ཕྱི་ལོ་ ༡༩༩༨ ལོའི་ནང་གྲྭ་བཞི་བཙོན་ཁང་དུ་ངོ་རྒོལ་བྱུང་བའི་སྐབས་ཁོང་བཙོན་ཁང་གཞན་ཞིག་ཏུ་ཟུར་བཀག་བྱེད་པའི་སྐབས་དང་འཁེལ་ཡོད་སྟབས། རྗེས་སུ་ཟུར་བཀག་ནས་ཕྱིར་བཏོན་ཏེ་བཙོན་ཁང་ནང་སྐད་འབོད་བྱུང་བ་དང་མི་ཁག་གཅིག་འདས་གྲོངས་སོང་བ་སོགས་གནས་ཚུལ་མང་པོ་ཞིག་ཤེས་རྟོགས་བྱུང་བ་ནས་བཟུང་སེམས་པ་མ་སྐྱིད་པ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ཁོང་བཙོན་འཇུག་བྱས་པའི་རྗེས་ཟས་བཅུད་མི་འདང་བ་དང་སྡུག་སྦྱོང་འདྲ་མིན་ཕོག་པའི་རྐྱེན་གྱིས་མཆིན་པ་དང་ཕོ་བའི་ནད་གཞི་ཡོད་འདུག་པ་དང༌། ཁ་ཉིན་ཕྱི་ཚེས་ ༢ ཉིན་ལྷ་སའི་ཆུ་ཤུལ་བཙོན་ཁང་ནས་གློད་བཀྲོལ་བཏང་རྗེས་སོག་རྫོང་ཉེན་རྟོག་པར་རྩིས་སྤྲོད་བྱས་ཡོད་འདུག་པ་ལྟར། དེ་ཉིན་དགོང་དྲོ་ལྷ་སར་མ་བཞག་པར་སོག་རྫོང་དུ་ལམ་སེང་འཁྲིད་ཕྱིན་ཡོད་པའི་གནས་ཚུལ་ཐོན་འདུག་པ་བཅས།།

གནས་ཚུལ་འཁོད་སྤྲོད་གནང་མཁན་ངག་དབང་ཐར་ལགས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།