དགོངས་ཚུལ།

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


ལྷ་སའི་གནའ་ཤུལ་རྩ་མེད་གཏོང་གིན་འདུག ༼ལྷ་ས་སྐྱོབས་རོགས།༽

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༣ཟླ་༥ཚེས་༩ཉིན། ཉེ་དུས་ནས་རྒྱ་ནག་གཞུང་གིས་དཔལ་འབྱོར་ཁེ་ཕན་དང་སྤྱི་ཚོགས་བརྟན་ལྷིང་ཞེས་པར་ཁ་གཡར་ཏེ་བོད་ཀྱི་ལྷ་སའི་འཛུགས་སྐྲུན་གསར་པའི་རྣམ་གྲངས་འགའ་འགོ་འཛུགས་བྱས་ཡོད་པ་དང་། དེ་ལ་བརྟེན་ནས་བོད་ཀྱི་ཆོས་དང་རིག་གཞུང་གི་མཚོན་རྟགས་བོད་ཀྱི་རྒྱལ་ས་ལྷ་སའི་ངོ་བོ་རྩ་མེད་དང་། གནའ་བོའི་གྲོང་ཁྱེར་དེའི་གནའ་ཤུལ་རིག་གཞུང་རྣམས་རིམ་པས་ཡལ་འགྲོ་ཡི་ཡོད་པ་རེད། དེ་ཡང་བོད་ཀྱི་རྒྱལ་ས་ལྷ་སའི་ལྷ་ལྡན་གཙུག་ལག་ཁང་གི་བར་སྐོར་གཡས་གཡོན་དུ་དེང་དུས་ཚོང་ཁང་གསར་པ་ཆེན་མོ་(Shopping Mall)མང་པོ་ཞིག་གསར་རྒྱག་དང་། ལྷ་ལྡན་གཙུག་ལག་ཁང་གི་ས་འོག་ཏུ་མོ་ཊ་འཇོག་ས་(Underground Parking)རྒྱག་རྒྱུའི་འཆར་གཞི་ལྟར་ལས་དོན་ཁག་མང་པོ་ཞིག་འགོ་འཛུགས་ཟིན་ཡོད་པ་དེས་བོད་ཀྱི་རྒྱལ་སའི་ལྷ་ལྡན་གཙུག་ལག་ཁང་གིས་གཙོས་བོད་ཁང་རྙིང་པ་དེ་ཚོ་དང་། ལོ་རབས་སྟོང་ཚོ་མང་པོའི་རིང་གི་ལོ་རྒྱུས་ལྡན་པའི་བོད་ཀྱི་གནའ་བོའི་གྲོང་ཁྱེར་གྱི་གནའ་ཤུལ་མང་པོ་ཞིག་རྒྱ་གཞུང་གིས་གཏོར་བཤིག་གཏོང་བཞིན་ཡོད་པ་རེད་ཅེས། རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཡོད་པའི་བོད་ཀྱི་བུད་མེད་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ནས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་དྲག་པོ་བྱས་ཡོད་འདུག

འོད་ཟེར་ལགས་ཀྱིས་ཨེ་ཤ་ཡའི་རང་དབང་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་ལ་འགྲེལ་བརྗོད་གནང་བར་གཞིགས་ན། སྤྱིར་བཏང་རྒྱ་ནག་གཞུང་གིས་ཉེ་དུས་ནས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་དུ་འཛུགས་སྐྲུན་གྱི་འཆར་གཞི་གསར་པ་ཞིག་གཏན་འབེབས་བྱས་ཏེ་ཡུ་ནན་ཞིང་ཆེན་གྱི་གྲོང་ཁྱེར་ལིང་ཅང་ལྟར་གྱི་ངོ་བོར་བསྒྱུར་རྒྱུའི་བསམ་ངན་བཅངས་ཡོད་ལུགས། དེ་ཡང་ཞིང་ཆེན་དེ་ནི་སྔ་མོའི་གནའ་ཤུལ་གྱི་བསྟི་གནས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་རུང་། ཕྱིས་སུ་ཡུལ་སྐོར་སྤྲོ་འཆམ་གྱི་གྲོང་ཁྱེར་ཆེན་པོ་ཞིག་ཏུ་བསྒྱུར་པ་རེད། འོན་ཀྱང་ད་ལྟའི་ཆར་ལིང་ཅང་གི་ཡུལ་སྐོར་སྤྲོ་འཆམ་གྲོང་ཁྱེར་གྱི་སྒྲོམ་གཞི་དེ་རྒྱ་ནག་གཞུང་གིས་ལྷ་སའི་འཛུགས་སྐྲུན་དེའི་ཐོག་ལ་ཚུར་དཔེ་བཤུས་འདུག་ཅེས་དང་། ལྷ་སའི་རིག་གཞུང་དང་ཆོས་ཀྱི་བསྟི་གནས་གཅིག་ནི་བར་སྐོར་ཆགས་བསྡད་ཡོད་པར་བརྟེན། དེ་ལིང་ཅང་བཞིན་དུ་ཡུལ་སྐོར་སྤྲོ་འཆམ་པའི་གྲོང་ཁྱེར་ཆེན་པོ་ཞིག་ཏུ་བཟོ་རྒྱུའི་འཆརགཞི་བསྒྲིགས་ནས་ད་ལྟའི་ཆར་ལག་བསྟར་བྱེད་བཞིན་པ་རེད། དེའི་སྐོར་མིག་མཐོིང་ལག་ཟིན་བྱུང་བའི་རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་པ་ཞིག་ལྷ་སར་སླེབས་སྐབས་པར་མང་པོ་ཞིག་བརྒྱབ་པ་མ་ཟད། ཁོ་རང་གིས་ཝེ་པོ་ཞེས་པའི་རྒྱ་ཡིག་གི་དྲྭ་ཚིག་ནང་དུ་པར་དེ་དག་སྤེལ་ཡོད། དེ་རྗེས་ཉིན་གཉིས་ཀྱི་རིང་ལྷ་ས་དེ་ལིང་ཅང་ནང་བཞིན་གྱི་གྲོང་ཁྱེར་ཞིག་ཏུ་འགྱུར་ཐབས་བཟོ་བཞིན་པར་སེམས་འཚབ་ཆེན་པོ་བྱེད་བཞིན་ཡོད་པའི་སྐོར་མི་མང་པོ་ཞིག་གི་བསམ་ཚུལ་དྲྭ་ཚིག་དེའི་ཐོག་ལ་སླེབས་པ་ཞིག་རེད་ཅེས་བོད་ཀྱི་རྩོམ་པ་པོ་འོད་ཟེར་ལགས་ཀྱིས་གསུངས་འདུག

དེ་དང་ཕྱོགས་མཚུངས་ལྷ་ས་ནས་ཡིན་པའི་བོད་མི་ཁག་གཅིག་གིས་འོད་ཟེར་ལགས་སུ་བཏང་འབྱོར་བྱུང་བའི་པར་རིས་ཁག་དང་། ཉེ་དུས་ལྷ་སར་ཕེབས་པའི་རྒྱ་རིགས་ཡུལ་སྐོར་སྤྲོ་འཆམ་པ་དེས་པར་བླངས་ཏེ་ཕྱིས་སུ་སོ་སོའི་ཝེ་པོ་དྲ་ཚིག་ཏུ་བཀོད་པའི་པར་རིས་རྣམས་ཕྱོགས་སྒྲིག་བྱས་རྗེས་འོད་ཟེར་ལགས་ནས་སྤྱི་ཟླ་༥ཚེས་༥ཉིན་ཟིན་བྲིས་དྲྭ་ཚིག་ཐོག་ལའང་རྩོམ་ཡིག་སྤེལ་བར་ཡང་མང་པོ་ཞིག་ནས་གཅིག་མཚུངས་ཀྱིས་སེམས་འཚབ་ཡོད་པའི་སྐོར་བསམ་ཚུལ་སྤེལ་ཡོད་འདུག

གཙོ་བོ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་ཚན་རིག རིག་གཞུང་སྡེ་ལྷན་ཚོགས། དེ་བཞིན་རྒྱལ་སྤྱིའི་སྲིད་གཞུང་ཁག འཛམ་གླིང་གི་ཚོགས་སྡེ་ཁག་དང་། བོད་མི་ཚོས་ཛ་དྲག་གི་གནད་དོན་དེའི་ཐོག་དོ་ཁུར་གནང་བ་དང་ཆབས་ཅིག་ལྷ་ས་སྐྱོབས་རོགས་ཞེས་འབོད་སྐུལ་བྱས་འདུག

རྒྱ་ནག་གཞུང་གིས་བར་སྐོར་གྱི་གནའ་བོའི་ཁྲོམ་ས་དེ་དག་“ཚོང་འབྲེལ་གྱི་གྲོང་ཁྱེར་”རམ། ཡང་ན་དེར་“བར་སྐོར་ཚོང་གི་གྲོང་ཁྱེར་”ཞེས་མིང་བཏགས་ཡོད་འདུག་ལ། ཁྲོམ་ས་དེའི་མིང་དེ་རྒྱ་ཡིག་ནས་བྲིས་པ་ཞིག་པར་རིས་ནང་དུ་ཐེབས་ཡོད་པ་དང་། དེ་བཞིན་ས་ཆའི་ཁྱོན་མི་ཊར་གྲུ་བཞི་མ་༡༥༠༠༠༠ལྷག་དེང་དུས་ཚོང་ཁང་ཆེན་མོའི་འཛུགས་སྐྲུན་ཆེད་བེད་སྤྱོད་གཏོང་རྒྱུ་དང་། ས་ཁུལ་དེའི་ས་འོག་གི་མོ་ཊ་འཇོག་ས་ཞིག་གི་ཆེད་དུ་ས་ཁྱོན་མི་ཊར་གྲུ་བཞི་མ་༡༡༡༧ཅན་གྱི་འཆར་གཞི་ལྟར་ལས་དོན་འགྲོ་བཞིོན་པ། ཡིག་ཆ་དེ་དག་དང་པར་རིས་དེ་དག་དྲྭ་རྒྱའི་ཐོག་ཏུ་ཐོིན་རྗེས་མི་སྣ་མང་པོ་ཞིག་ལ་དོ་སྣང་ཤུགས་ཆེན་པོ་སླེབས་པ་མ་ཟད། ཉིན་གཉིས་ཀྱི་དབར་མི་མང་པོ་ཞིག་གིས་དེའི་ཐོག་“ལྷ་སའི་མ་འོངས་པའི་མདུན་ལམ་”དང་། ཡང་ན་“ལྷ་སའི་ལས་དབང་”ཞེས་བརྗོད་གཞི་བཟུང་ནས་སེམས་འཚབ་ཆེན་པོ་བྱས་པའི་བསམ་ཚུལ་བཏོན་ཡོད་པ་རེད། རྒྱ་ནག་གཞུང་གིས་དཔལ་འབྱོར་གྱི་ཁེ་ཕན་གཅིག་པུར་བསམས་ཏེ་ལོ་སྟོང་ཕྲག་གཅིག་ལྷག་གི་རིག་གཞུང་དང་དད་པ་ཞུ་སའི་བོད་ཀྱི་ཆོས་དང་རིག་གཞུང་གི་ངོ་བོ་མཚོན་པའི་གནའ་བོའི་ལྷ་ས་རྩ་མེད། དེ་བཞིན་གནའ་ཤུལ་སོགས་མེད་པ་བཟོ་བཞིན་འདུག་ཅེས་སེམས་འཚབ་བྱ་གཞི་ཞིག་ཏུ་གྱུར་ནས་རྒྱ་གཞུང་གི་བྱ་སྤྱོད་དེ་དག་ལ་མི་འདོད་པའི་རྣམ་འགྱུར་ཆེན་པོ་ཡོད་པའི་སྐོར་མི་མང་པོ་ཞིག་ནས་བསམ་ཚུལ་གསུངས་ཡོད་འདུག མི་མང་པོས་རྒྱ་གཞུང་གིས་བྱེད་སྟངས་དེ་ནི་བོད་ཀྱི་གནའ་བོའི་གྲོང་ཁྱེར་དུ་ཡོད་པའི་“བོད་མི་རྣམས་རྒྱ་རིགས་སུ་བསྒྱུར་རྒྱུའི་འཆར་གཞི་”ངན་པ་ཞིག་རེད་ཅེས་མུ་མཐུད་གསུངས་འདུག ད་དུང་མང་པོས་ཡུལ་འཁོར་སྤྲོ་འཆམ་གྱི་ལས་འགུལ་དེ་མཚམས་འཇོག་བྱ་རྒྱུའི་རེ་བ་ཤུགས་ཆེན་བཏོན་ཡོད་པ་དེ་ནི་ལྷ་ས་དེ་ཉིད་རྒྱ་མིའི་“ཡུལ་སྐོར་སྤྲོ་འཆམ་གྱི་མི་སེར་སྤེལ་ཡུལ་”ཞིག་ཏུ་འགྱུར་བཞིན་པར་སེམསའཚབས་ཆེན་པོ་དང་བཅས། རྒྱལ་ཚོགས་དང་འཛམ་གླིང་མི་མང་། ལྷག་པར་དུ་བོད་དོན་ལ་རྒྱབ་སྐྱོར་གནང་མཁན། གཞན་ཡང་བོད་མི་བཅས་ནས་བྱ་སྤྱོད་དེ་དག་མཚམས་འཇོག་ཡོང་ཐབས་དང་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་ལུགས་འབོད་སྐུལ་ནན་པོ་བྱས་་ཡོད་པ་རེད།

འོད་ཟེར་ལགས་སུ་འབྱོར་བའི་ལྷ་སའི་དེང་དུས་འཛུགས་སྐྲུན་གྱི་པར་རིས་དེ་ཚོས་གང་མཚོན་གྱི་ཡོད་དམ་ཞེ་ན་ད་ལྟའི་ལྷ་སའི་གནས་སྟངས་དང་དེ་ཤིན་ཏུ་ནས་ཛ་དྲག་ཅན་ཞིག་ཡོད་པ་བསྟན་ཡོད་ཅིང་། ཁོང་གིས་རྒྱ་ནག་གཞུང་ནས་བོད་ནང་དུ་སྤྱི་ཚོགས་བརྟན་ལྷིང་དང་དཔལ་འབྱོར་ཡར་རྒྱས་ཞེས་པའི་ཁྱབ་བསྒྲགས་འོག་ནས་བོད་ཀྱི་གྲོང་ཁྱེར་རྙིང་པ་དེར་འཛུགས་སྐྲུན་གསར་པ་འགོ་འཛུགས་བྱེད་བཞིན་པར་ཚང་མས་དོ་སྣང་བྱ་དགོས་གལ་ཆེ་བ་ཞིག་རེད་ཅེས་གསུངས་འདུག ད་ལྟའི་ཆར་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་སའི་བར་སྐོར་གཡས་གཡོན་གྱི་བོད་ཁང་རྙིང་པ་དེ་དག་ཁྲོམ་ས་སྒྱུར་བཞིན་པ་ནི་དོན་དངོས་སུ་རྒྱ་ནག་གཞུང་གིས་བོད་མིར་ཕན་ཐོགས་ཡོད་པའི་བྱ་སྤྱོད་སྤེལ་ཁུལ་ཙམ་མིན་པར་དེ་ལ་དམིགས་ཡུལ་ངན་པ་བཅངས་ཡོད་པ་སྟེ། “རྡོ་གཅིག་གིས་བྱེའུ་གཉིས་བསད་”ཅེས་པའི་བོད་ཀྱི་གཏམ་དཔེ་ལྟར་རེད་ཅེས་འགྲེལ་བརྗོད་བྱས་ཡོད་པ་རེད།

རྒྱ་ནག་གཞུང་གིས་གནད་དོན་དེར་ཕྱོགས་གང་ཅིའི་ཐད་ལ་བསམ་བློ་ཞིབ་པོ་བཏང་ཡོད་པ་དང་། དེ་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུར་གཅིག་པུར་མིན་པ་དང་ཕྱོགས་གཞན་ཞིག་ལ་བསམ་བློ་བཏང་བ་དོགས་སེམས་སྐྱེས་ལུགས་གསུངས་འདུག

ལྷ་སའི་བར་སྐོར་ནི་བོད་ཆོལ་ཁ་གསུམ་གྱི་ས་ཁུལ་གང་ས་ནས་ཕེབས་པའི་བོད་མི་རྣམས་འདུ་འཛོམས་གནང་ས་དང་བོད་ཀྱི་ཆོས་དང་རིག་གཞུང་། ཆབ་སྲིད་གང་ཐད་ནས་གལ་ཆེན་རང་བཞིན་ལྡན་པ་ཞིག་ཡིན་ལ། ལྷག་པར་དུ་རྒྱ་ནག་གིས་༡༩༥༩ལོར་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་པ་ནས་བོད་མདོ་དབུས་ཁམས་གསུམ་གྱི་བོད་མི་རྣམས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་རབ་དང་རིམ་པ་གནང་ས་གཙོ་བོ་ཞིག་ཏུ་གྱུར་ཏེ་བོད་དོན་འཐབ་རྩོད་ཀྱི་ངོ་བོའི་མཚོན་རྟགས་ལྟ་བུ་ཡང་གྱུར་ཡོད་པ་རེད།

དཔེར་ན་འཛུགས་སྐྲུན་གྱི་ལས་འཆར་ངོ་སྤྲོད་རྒྱ་ཡིག་ཏུ་ཡོད་པ་དེའི་ནང་དུ་“ཁ་ཐོར་”ཟེར་བའི་ཚིག་བེད་སྤྱོད་བཏང་ཡོད་ཅིང་། “ཁ་ཐོར་”ཟེར་བ་དེས་བར་སྐོར་ནང་གི་ཚོང་པ་རྣམས་ཁ་གཏོར་བྱ་རྒྱུ་དང་། དེ་བཞིན་དེར་བཅའ་སྡོད་གནང་བཞིན་ཡོད་པའི་བོད་མི་རྣམས་ཕྱིར་འབུད་གཏོང་རྒྱུ། དེས་གང་མཚོན་ནམ་ཟེར་ན་ཕྱོགས་གཞན་ནས་བཙན་དབང་གིས་ཐོག་ནས་གནའ་བོའི་ཁང་པ་རྣམས་གཏོར་བཤིག་དང་། བོད་ཀྱི་མདོ་ཁམས་རྒྱལ་ཐང་དུ་ཡོད་པ་དེང་སང་རྒྱ་མིས་ཡུ་ནན་གྱི་གྲོང་ཁྱེར་རྙིང་པ་ལིང་ཅང་། དེ་བཞིན་ཧུ་ནན་ཤིན་གྱི་གྲོང་ཁྱེར་རྙིང་པ་ཕན་ཀུའོ་ཟེར་བ་དེ་གཉིེས་ལྟར་གྲུབ་དགོས། ད་ལྟའི་ལྷ་སར་འགྲོ་བཞིན་པའི་རྒྱ་གཞུང་གི་འཛུགས་སྐྲུན་ལས་གཞི་དེ་དག་གོང་གི་གྲོང་ཁྱེར་དེ་གཉིས་ལྟར་ཡུལ་སྐོར་སྤྲོ་འཆམ་པའི་གྲོང་ཁྱེར་ཞིག་ཏུ་གྱུར་བཞིན་པར་མི་མང་པོ་ཞིག་གིས་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་པ་རེད། རྒྱ་གཞུང་གིས་ལས་འཆར་དེ་དག་གི་དམིགས་ཡུལ་མི་མང་ལ་ཡོངས་བསྒྲགས་བྱས་པ་ལྟར་མིན་པར་གྲོང་ཁྱེར་དེ་གཉིས་སུ་ཡུལ་སྐོར་སྤྲོ་འཆམ་གྱི་ལས་དོན་ཧ་ཅང་སྐྱོ་བོ་ཞིག་ཆགས་ཡོད་པ་དང་། དེ་སྔའི་ཉམས་མྱོང་ལས་རྒྱ་ནག་གཞུང་གིས་རྙིང་པ་བསྐྱར་གསོ་བྱ་རྒྱུའི་འཛུགས་སྐྲུན་ལས་འཆར་ཁག་གིས་གནའ་ཤུལ་དང་རིག་གཞུང་ལ་ཤུགས་རྐྱེན་ངན་པ་ཐེབས་ཡོད་པར་སྐྱོན་བརྗོད་བསྟུད་མར་བྱུང་ཡོད། དེར་བརྟེན་འོད་ཟེར་ལགས་ནས་མི་མང་ནས་“ལྷ་ས་སྐྱོབས་རོགས་”གནང་ཞེས་ཛ་དྲག་གི་འབོད་སྐུལ་བྱེད་བཞིན་འདུག

བོད་ཀྱི་གནའ་ཤུལ་ཕོ་བྲང་པོ་ཏཱ་ལ་ནི་ཕྱི་ལོ་༡༩༩༤ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་ཚན་རིག རིག་གཞུང་སྲུང་སྐྱོབ་ལྷན་ཚོགས་ནས་འཛམ་གླིང་གི་གནའ་ཤུལ་རིག་གཞུང་གི་མཚན་གཞུང་དུ་བཀོད་ཡོད་ཅིང་། དེ་བཞིན་ལྷ་ལྡན་གཙུག་ལག་ཁང་དང་ནོར་བུ་གླིང་ག་གཉིས་ཀྱང་༢༠༠༠ལོ་དང་༢༠༠༡ལོ་སོ་སོར་མཚན་གཞུང་དེར་བཀོད་གནང་ཡོད་པ་རེད། འོན་ཀྱང་སྐབས་དེ་དུས་ནས་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་ནག་གཞུང་གིས་འཛུགས་སྐྲུན་གསར་པ་མང་པོ་ཞིག་ལག་བསྟར་བྱས་ཏེ་ཕོ་བྲང་པོ་ཏཱ་ལའི་ཐུནམོང་མ་ཡིན་པའི་ཁྱད་ཆོས་ཁག་གནོད་སྐྱོན་ཐེབས་པར་བརྟེན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྷན་ཚོགས་དེས་སྐྱོན་བརྗོད་ཤུགས་ཆེན་གནང་ཡོད།

དེའི་ལན་དུ་རྒྱ་ནག་གཞུང་གིས་དེང་དུས་ཁང་ཆེན་གསར་པའི་འཛུགས་སྐྲུན་ཁག་བོད་ཀྱི་གནའ་ཤུལ་དང་འབྲེལ་བའི་ཁང་ཆེན་དེ་དག་གི་མཐོ་ཚད་ལས་མི་བརྒལ་བའི་ཁས་ལེན་བྱས་པ་མ་ཟད། གནའ་ཤུལ་ཉམས་གསོའི་རྒྱུ་ཆ་དེ་དག་སྲོལ་རྒྱུན་ལྟར་བེད་སྤྱོད་གཏོང་བ། ཁང་ཆེན་གསར་པ་གང་བརྒྱབ་ཀྱང་མཐོ་ཚད་ཀྱང་མི་ཊར་༢༡ལས་མཐོ་བ་མི་ཡོང་བ་བྱ་རྒྱུའི་ཁས་ལེན་ཡང་བྱས་ཡོད་པ་རེད།

འོན་ཀྱང་ད་ལྟའི་ཆར་རྒྱ་གཞུང་གིས་རྒྱལ་ས་ལྷ་ས་རུ་བརྒྱབ་པའི་ཁང་ཆེན་མང་པོ་ཞིག་གོང་གསལ་ཁས་ལེན་དང་འགལ་ཡོད་པ་དང་། ལྷག་པར་དུ་ཇོ་ཁང་སྟེ་ལྷ་ལྡན་གཙུག་ལག་ཁང་གི་གཡས་གཡོན་དུ་བརྒྱབ་ཟིན་པ་དང་རྒྱག་བཞིན་པའི་ཁང་ཆེན་དེ་དག་ཁས་ལེན་བྱས་པའི་ཚད་གཞི་ལས་ཧ་ཅང་མཐོ་བ་ཡོད་ལུགས་འོད་ཟེར་ལགས་ནས་གསར་ཁང་དེར་འགྲེལ་བརྗོད་གནང་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་ཚན་རིག རིག་གཞུང་སྲུང་སྐྱོབ་ལྷན་ཚོགས་ཀྱི་འགྲོ་ལུགས་ལྟར། ལྷན་ཚོགས་དེས་བཏོན་པའི་ཆ་རྐྱེན་ཁག་གོང་གསལ་གྱི་གནད་དོན་ཁག་ཙམ་མིན་པ་དང་། རྒྱ་གཞུང་གིས་ཕོ་བྲང་པོ་ཏཱ་ལ་ཉམས་གསོ་བྱེད་པའི་སྐབས་ཉམས་གསོའི་རྒྱུ་ཆ་ཁག་ལ་དོ་སྣང་མ་བྱས་པར་གང་བྱུང་བྱས་པར་བརྟེན་༢༠༠༢ལོར་ཨ་སྒོར་ས་ཡ་མང་པོ་འགྲོ་གྲོན་བཏང་ནས་གཞི་ནས་རྒྱ་གཞུང་གིས་ཉམས་གསོའི་རྒྱུ་ཆ་ཡོངས་རྫོགས་སྲོལ་རྒྱུན་ལྟར་བེད་སྤྱོད་གཏོང་རྒྱུ་ཁས་ལེན་ཞུས་ཡོད་ནའང་རྒྱལ་ས་ལྷ་སར་འགོ་འཛུགས་ཟིན་པའི་འཛུགས་སྐྲུན་གསར་པ་ཁག་ད་ལྟའི་ཆར་ཁས་ལེན་ཞུས་པ་དེ་དག་དང་རྒྱབ་འགལ་དུ་ཕྱིན་ཏེ་རྒྱ་གཞུང་གིས་ལྷན་ཚོགས་དེའི་རྩ་དོན་ཁག་ལ་བརྩི་སྲུང་བྱེད་ཀྱི་མེད་པ་རེད།།

གསར་འགོད་པ་སྐལ་བཟང་སྒྲོལ་མས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།