ཀཿཐོག་དགོན་དུ་མེ་སྐྱོན་ཤོར་འདུག

 པར་འདེབས།

ཤམ་བྷ་ལའི་ཕོ་ཉ། ༢༠༡༣ལོའི་ཟླ་༥ཚེས་༩ཉིན། དེ་རིང་གནས་ཚུལ་འབྱོར་གསལ་ལ། གཟའ་སྤེན་པའི་སྔ་དྲོར་ཁམས་སྡེ་དགེ་ཀཿཐོག་དགོན་པའི་གྲྭ་ཤག་སྐོར་ཞིག་ལ་མེ་སྐྱོན་བྱུང་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༤ ཉིན་གྱི་བོད་ནང་གི་སྔ་དྲོའི་ཆུ་ཚོད་ ༩།༠༠ ཡས་མས་སུ་ཁམས་སྡེ་དགེ་ཀཿཐོག་དགོན་ནང་དུ་མེ་སྐྱོན་བྱུང་ཡོད་ཅིང༌། དེ་མ་ཐག་གྲྭ་མང་དང་གཡས་གཡོན་ཀྱི་མི་མང་མཉམ་རུབ་ཐོག་མེ་གསོད་ཐབས་བྱས་ཡོད་པ་དང༌། དེའི་རྗེས་རྒྱ་གཞུང་གི་མེ་གསོད་རུ་ཁག་འབྱོར་ཏེ་མེ་ཡོངས་སུ་གསོད་ཐུབ་ཙམ་བྱུང་ཡོད་ཀྱང༌། གསར་བཞེངས་གནང་པའི་སྒྲུབ་ཁང་གི་གྲྭ་ཤག་ ༡༤ ཙམ་ལ་མེ་སྐྱོན་བྱུང་བ་དང༌། དེའི་མཉམ་དུ་ྋསྐྱབས་རྗེ་ཀཿཐོག་རྨོག་རྩ་རིན་པོ་ཆེའི་གཟིམ་ཆུང་ལའང་མེ་སྐྱོན་ཤོར་ཡོད་འདུག

(གཟིམ་ཆུང་འདི་ནི་རིན་པོ་ཚེ་སྐབས་རེ་ཙམ་བཞུགས་ས་ལས་རྒྱུན་བཞུགས་གནང་ས་མིན་)འོན་ཀྱང་འདུ་ཁང་གཙོ་བོ་ཁག་དང༌། མི་ལ་རྨས་སྐྱོན་སོགས་ཀྱི་གནས་ཚུལ་བྱུང་མེད་པ་རེད།

མེ་སྐྱོན་ཇི་ལྟར་བྱུང་ཚུལ་ཐད་ནས། གློག་སྐུད་བརྒྱུད་དེ་མེ་སྐྱོན་ཤོར་བར་བཤད་ཚུལ་ཞིག་འདུག་མོད། གཏན་ཁེལ་ཞིག་ད་དུང་ཀྱང་ཤེས་རྟོགས་མི་འདུག

ཀཿ་ཐོག་དགོན་པ་ནི། ཁམས་ཀྱི་དགོན་སྡེ་ཐོག་མ་ཀཿཐོག་པ་ཞེས་ཤོད་སྲོལ་ཡོད་པ་ལྟར་མདོ་ཁམས་སྨད་ཀྱི་ནང་པའི་དགོན་སྡེ་ཐོག་མ་དང༌། སྔ་འགྱུར་རྙིང་མ་པའི་མ་དགོན་ཆེན་མོ་དྲུག་གི་ཡ་གྱལ་གྱི་དགོན་པ་ཆེ་ཤོས་དང༌། བཤད་སྒྲུབ་གཉིས་ལྡན་གྱི་དགོན་པ་རྙིང་ཤོས་ཤིག་ཡིན་པ་རེད། ད་ལྟའི་ཆར་དགེ་འདུན་པ་ཞལ་གྲངས་ ༥༠༠ ནས་ ༦༠༠ ཙམ་ཡོད་འདུག

དགོན་འདི་ཐོག་མ་རབ་བྱུང་གསུམ་པའི་ས་ཡོས་སྤྱི་ལོ་ ༡༡༥༩ ལོར་ཀཿ་དམ་པ་བདེ་གཤེགས་ཀྱིས་ཁམས་དཔལ་ཡུལ་རྫོང་ཧོར་པོ་ས་གནས་སུ་ཕྱག་བཏབ་པ་དང་ཕྱིས་སུ་ཆོས་རྒྱལ་སྡེ་དགེ་རྒྱལ་པོའི་དབུ་བླ་ཁག་ལྔའི་ཡ་གྱལ་ཞིག་ཀྱང་གྱུར་ཡོད།

སྡེ་དགེ་དྲ་བ་རུ་༢༠༡༣ལོའི་ཟླ་༥ཚེས་༧ཉིན་སྤེལ་བར་བཏུད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།



བརྗོད་གཞི་གཞན་ཁག་ལ་གཟིགས།