དགེ་འདུན་པ་གཉིས་ནས་རང་ལུས་མེར་བསྲེགས་གནང་འདུག

 པར་འདེབས།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༣ཚེས་༣༠ཉིན། དེ་རིང་བོད་མདོ་སྨད་རྔ་བ་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་འབར་ཁམས་རྫོང་དུ་གྲྭ་བསྟན་པ་དར་རྒྱས་དང་འཆི་མེད་དཔལ་ལྡན་གཉིས་ཀྱིས་རང་ལུས་མེར་བསྲེགས་བཏང་རྗེས། རྒྱ་ནག་ཉེན་རྟོག་པས་བཙན་ཁྲིད་བྱས་ཡོད་འདུག

དེ་རིང་བོད་ནང་གི་ཉིན་གུང་གི་དུས་ཚོད་ ༡༢།༣༠ ཙམ་ལ་ཁོང་གཉིས་ཀྱིས་ཀིརྟི་དགོན་པ་དང་། བར་ཐག་སྤྱི་ལེ་༨༢ གྱི་སར་ཡོད་པའི་རྔ་པ་བོད་རིགས་རང་སྐྱོང་ཁུལ་དང་འབར་ཁམས་རྫོང་སྲིད་གཞུང་གཉིས་ཀྱི་ལྟེ་གནས་སུ་རྒྱ་ནག་གཞུང་གིས་བོད་མི་རིགས་རྩ་མེད་དུ་གཏོང་བཞིན་པའི་དྲག་རྩུབ་ཀྱི་སྲིད་ཇུས་ལ་ངོ་རྒོལ་སྐད་འབོད་གནང་བཞིན་རང་ལུས་མེར་སྲེག་བཏང་ཡོད་འདུག

ཀིརྟི་དགོན་པའི་གྲྭ་བསྟན་པ་དར་རྒྱས་ལགས་ནི་བོད་མདོ་སྨད་རྔ་པ་ཁུལ་འབར་ཁམས་རྫོང་རྒྱལ་རོང་ཚོ་བདུན་གྱི་ཥོ་ལ་ཅང་སྡེ་བ་ནས་ཡིན་པ་དང་། རང་ལོ་ ༢༢ དང། ཕ་མིང་ལ་སྐལ་ལྡན་དང་མ་མིང་ལ་དཔལ་མཚོ་ཟེར་གྱི་ཡོད་འདུག
ཀིརྟི་དགོན་པའི་ གྲྭ་དཔལ་ལྡན་མཚོ་མོ་རྒྱལ་རོང་ཚོ་བདུན་གྱི་ཥོ་ལ་ཅང་སྡེ་བ་ནས་ཡིན་པ་དང་། རང་ལོ་ ༢༡ ཡིན་པ་དང་། ཕ་མིང་ལ་རབ་རྒྱས་དང་མ་མིང་ལ་མ་ཅིག་མཚོ་ཟེར་གྱི་ཡོད་འདུག

གནས་ཚུལ་འགྲེལ་བརྗོད་པས་བཤད་པ་ལྟར་ན་དུས་ཐོག་དེར་གཅིག་སྐུ་གྲོངས་ཡོད་ཚུལ་འདུག་ནའང་ད་ལྟའི་ཆར་ཁོང་གཉིས་ཀ་རྒྱ་གཞུང་གིས་སྨན་ཁང་དུ་ཁྲིད་ནས་དམ་དྲག་ ཆེན་པོའི་འོག་ཡོད་པས། གནས་ཚུལ་དེ་བྱུང་མ་ཐག་ཚོ་བདུན་ཀིརྟི་དགོན་པའི་དགེ་འདུན་པ་རླངས་འཁོར་གསུམ་ཤི་ན་རོ་བདག་དང་གསོན་ན་མྱི་བདག་བྱེད་དུ་སོང་ཡོད་ནའང་། ཁོང་ཚོང་དགོན་པ་ནས་སྤྱི་ལེ་༣༢ ཀྱི་ས་ན་ཡོད་པའི་འཛེ་སྟོས་ཞེས་པའི་ས་གནས་ནས་དྲག་ཆས་ཉེན་རྟོག་པ་དང་། དམིགས་བསལ་ཉེན་རྟོག་པ་སོགས་ཀྱིས་བཀག་འགོག་གིས་ཕྱིར་དགོན་པར་བཏང་ཡོད་འདུག་པས་ཁོང་གཉིས་ཀྱི་ད་ལྟའི་ཤི་གསོན་གྱི་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་མ་བྱུང་།

བསྟན་པ་དར་རྒྱས་དེ་སྔོན་ཕྱི་ལོ་ ༢༠༠༣ ལོ་ནས་ཕྱི་ལོ་ ༢༠༠༩ ལོའི་བར་རྔ་པ་ཀིརྟི་དགོན་པར་མཚན་ཉིད་སློབ་སྦྱོང་བྱས་ནས་བསྡད་ཡོད་ལ་ཕྱི་ལོ་ ༢༠༠༩ ལོར་ཕྱིར་ཚོ་བདུན་ཀིརྟི་དགོན་དུ་ཡོང་ཡོད་འདུག་ཅིང་། རྟགས་རིགས་འཛིན་གྲྭའི་ནང་གི་སློབ་སྦྱོང་རྩེ་ཕུད་གྲས་ཡིན་འདུག ཁོང་ལ་མིང་སྲིང་བཞི་ཡོད་པའི་ཆུང་ཤོས་ཁོང་ཡིན་ཞིང་ད་ལྟ་ཤུལ་དུ་ནང་མི་ལྔ་ཡོད་འདུག

འཆི་མེད་དཔལ་ལྡན་ཕྱི་ལོ་ ༢༠༠༩ ལོར་རྔ་པ་ཀིརྟི་དགོན་པར་མཚན་ཉིད་སློབ་སྦྱོང་བྱེད་པར་ཡོང་ཡོད་ཀྱང་ཟླ་བ་ཁ་ཤས་ མ་གཏོགས་སྡད་མེད་འདུག དེ་རྗེས་ཕྱི་ལོ་ ༢༠༡༠ ལོར་འཆི་མེད་དཔལ་ལྡན་ལྷ་སར་སོང་སྐབས་ལྷ་ས་ནས་ཉེན་རྟོག་པས་གང་བྱུང་སྔོག་བཤེར་བྱས་སྐབས་ཁོང་གི་ལག་ཁྱེར་ཁ་པར་ནང་༸གོང་ས་མཆོག་གི་སྐུ་དཔར་དང་བོད་ཀྱི་རྒྱལ་དར། མཐུན་སྒྲིལ་གྱི་རང་སྒྲ་ཞེས་པའི་གླུ་གཞས་སོགས་ཡོད་པར་བརྟེན་ལྷ་ས་ས་གནས་ཉེན་རྟོག་པས་ཟླ་བ་གཅིག་ལྷག་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག འཆི་མེད་དཔལ་ལྡན་ལ་ནུ་མོ་གཅིག་དང་ཕ་མ་གཉིས་བཅས་ཤུལ་དུ་ནང་མི་གསུམ་ཡོད་འདུག

གནས་ཚུལ་དེ་བྱུང་རྗེས་རྔ་པ་རང་སྐྱོང་ཁུལ་གྱི་ལྟེ་གནས་ཡོངས་རྫོགས་དྲག་ཆས་ཉེན་རྟོག་པ་དང་དམིགས་བསལ་ཉེན་རྟོག་པ་སོགས་འབོར་ཆེན་འགྲེམས་འཇོག་བྱས་ཏེ་དམ་དྲག་ཤུགས་ཆེན་བྱས་ཡོད་འདུག དགོན་འདིའི་མིང་ཆ་ཚང་ལ་རྒྱལ་རོང་ཚོ་བདུན་ཀིརྟི་དགོན་དགེ་ལྡན་བཀྲ་ཤིས་ཆོས་གླིང་ཡིན་ཞིང་། དེེང་སྐབས་དགེ་འདུན་ཞལ་གྲངས་ ༣༠༠ ལྷག་ཡོད་པའི་རྒྱལ་རོང་ཕྱོགས་ཀྱི་དགེ་ལུགས་པའི་དགོན་པ་ཆེ་ཤོས་ཤིག་ཡིན་འདུག

དྷ་ས་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ནས་མཁོ་སྤྲོད་གནང།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།
བསམ་ཚུལ། (4)
4 ༡༠༢༠༡༢༡༠༤༥
རྒྱལ་གཅེས་དཔའ་བོ་ཁོང་རྣམས་པས་རང་ལུས་མེ་བསྲེག་བཏང་བ་དེ་རང་ཉིད་སངས་རྒྱས་པའི་ཆེད་དུ་མིན། བོད་བསྟན་སྲིད་ཆེད་ཡིན་པ་དེ་ངས་ངོས་ནས་ཡི རང་དང་སྨོན་ལམ་ཡོད།
3 ༣༡༢༠༡༢༠༢༡༦
ཁོངས་གཉིས་ཀྱི་རྣམ་པ་ཤེས་པ་དེ་ཉིད་་་་ཨ་དཀར་པོ་དྲི་མ་མེད་པ་ཞིག་ཏུ་གྱུར་ནས་དེ་ཡང་གསལ་སྟོང་འཛིན་པ་མ་དབྱེར་བའི་ངང་ནས་རྡོ་རྗེ་སེམས་པའི་ཐུགས་ཀར་ཐེམ་པར་སྨོན།
2 ༣༠༢༠༡༢༢༡༤༡
རྒྱལ་གཅེས་དཔའ་བོ་ཁོང་རྣམས་སྔོན་བསགས་སྡིག་ལྟུང་ཟད་དེ་
སངས་རྒྱས་ཀྱི་གོ་འཕང་མྱུར་བ་འཐོབ་པ་སྨོན་ལམ་ཡོད།
1 ༣༠༢༠༡༢༡༨༥༧
རྒྱལ་གཅེས་དཔའ་བོ་རྣམ་གཉིས་ཀྱི་རང་ལུས་མེ་བསྲེག་བཏང་བའི་སྙིང་སྟོབས་དང་རང་གཤིས་རྣམ་པར་རྒྱལ་གྱུར་ཅིག



བརྗོད་གཞི་གཞན་ཁག་ལ་གཟིགས།