བོད་མི་ཞིག་ལ་རྒྱ་གཞུང་གིས་བཙོན་འཇུག་ཁྲིམས་ཐག་བཅད་པ།
མཐའ་མའི་བསྐྱར་བཅོས། (༣༠༡༩༩༩༠༥༣༠)
ཤམ་བྷ་ལའི་ཕོ་ཉ་དྲ་བས་ཕྱི་ལོ༢༠༠༩ལོའི་ཟླ༦པའི་ཚེས༢༤ཉིན་སྤེལ། ཕྱི་ཚེས༢༣ཉིན་འཇན་མན་གྱི་གསར་ཁང་ཞིག་གིས་གནས་ཚུལ་སྤེལ་དོན། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་གཏོགས་བོད་མི་ཞིག རྒྱ་ནག་གཞུང་གིས་སྔར་ལོའི་ཞི་རྒོལ་ཆེན་མོ་དང་འབྲེལ་ཡོད་ཀྱི་གནས་ཚུལ་རྣམས་མྱུར་འཕྲིན་དང་ཡིག་གེའི་བརྡ་འཕྲིན་བརྒྱུད་ཕྱི་ལོག་ཏུ་འགྲེམས་སྤེལ་བྱས་ཏེ་ཁ་བྲལ་རིང་ལུགས་ཀྱི་ལས་འགུལ་སྐུལ་འདེད་བྱས་པའི་ཉེས་འཛུགས་འོག ལོ་གསུམ་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་འདུགའགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཐད་ལས་དོན་ལས་འགུལ་སྣ་མང་སྤེལ་བཞིན་པའི་ཁ་བརྡ་ཐེབས་རྩ་ཚོགས་པ་ནི་ཨ་རིའི་མི་སེར་བ་ཇོན་ཁེམ་ལགས་ཀྱིས་གསར་འཛུགས་གནང་ཞིང༌། ཚོགས་པ་འདིས་འདས་པའི་ལོ་༡༨རིང་ལ་རྒྱ་ནག་གཞུང་གིས་ཉེས་མེད་ཉེས་འགལ་གྱིས་ཁྲིམས་གཅོད་བྱེད་བཞིན་པར་ངོ་རྒོལ་དང༌། རྒྱའི་བཙོན་འོག་ན་སྡུག་སྦྱོར་མནར་གཅོད་མྱོང་བཞིན་པ་རྣམས་བཙོན་བཀྲོལ་ཐོབ་སླད་དུ་ལས་འགུལ་སྤེལ་བཞིན་ཡོད་འདུག
རྒྱ་ནག་གཞུང་གི་ཁྲིམས་ཁང་གི་ཁྲིམས་གཏམ་ཡིག་ཆའི་ནང༌། རང་ལོ༣༢ལ་སོན་པའི་བོད་མི་མགོན་པོ་ཚེ་རིང་གིས་དྲ་རྒྱའི་བརྒྱུད་ལམ་བེད་སྤྱད་སྟེ། བསམ་བཞིན་དུ་བསམ་སྦྱོར་ངན་པ་བཅངས་ནས་ཁ་བྲལ་རིང་ལུགས་ཀྱི་དཀྲོགས་གཏམ་བཟོས་ཡོད་པ་མ་ཟད། ཕྱི་སྡོད་མི་དྲུག་ལ་གསང་བའི་འབྲེལ་འདྲིས་ངང་ཡིག་ཆ་འགྲེམས་སྤེལ་བྱས་ཏེ་རྒྱ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་ལས་དོན་སྒྲུབ་ཡོད་ཚུལ་དང༌། གཞན་ཡང་བོད་ཀྱི་རྒྱལ་ས་ལྷ་སའི་ནང་བྱུང་བའི་རྒྱ་རྒོལ་གྱི་ཟིང་འཁྲུག་དོན་རྐྱེན་སྐུལ་སློང་བྱས་ཡོད་རབ་འཁོད་ཡོད་འདུག
ཁ་བརྡ་ཐེབས་རྩ་ཚོགས་པས་རྒྱ་གཞུང་ལ་བོད་མི་མགོན་པོ་ཚེ་རིང་གི་ཁྲིམས་གཞི་བསྐྱར་ཞིབ་བྱེད་དགོས་པའི་སྙན་སྐུལ་ཞུས་ཡོད་ཀྱང༌། རྒྱ་ཕྱོགས་ནས་དེར་དོ་སྣང་དང་ཨ་ལན་གང་ཡང་སྤྲད་ཡོད་མི་འདུག
ཁ་བརྡ་ཐེབས་རྩ་ཚོགས་པས་གསལ་བསྒྲགས་ཤིག་སྤེལ་ཡོད་དོན། བོད་མི་མགོན་པོ་ཚེ་རིང་ལགས་ཀྱིས་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་སྤྲིངས་པའི་ཡིག་འཕྲིན་དག་གི་བརྗོད་སྙིང་རྣམས་རྒྱ་ནག་གཞུང་གིས་ཁ་གསལ་དམིགས་བཀར་བྱས་མེད་ཁར། ཕྱིའི་རྒྱལ་ཁབ་ནང་འཚོ་གནས་བྱས་ཡོད་པའི་སྐྱེ་འགྲོ་ཞིག་གིས་རྒྱ་ནག་རྒྱ་ཁབ་ཁ་བྲལ་དང་རྒྱའི་མི་རིགས་མཐུན་སྒྲིལ་རྩ་གཏོར་གྱི་ལས་འགུལ་སྤེལ་ནུས་མིན་ཡང་ཐེ་ཚོམ་ཟ་དགོས་ཤིག་རེད། ཅེས་བརྗོད་ཡོད་འདུག
རྒྱ་ནག་གཞུང་གིས་ཁྲིམས་ཐག་གང་མང་ཞིག་གསལ་བསྒྲགས་དང་གསང་རྒྱ་བསྡམས་པའི་སྒོ་ཐག་གཅོད་བྱེད་བཞིན་ཡོད་པ་ལྟར། མགོན་པོ་ཚེ་རིང་ལགས་ཀྱང་ཁྲྀམས་རྩོད་པའམ་ལུགས་མཐུན་གྱི་ཁྲིམས་ཞིབ་བརྒྱུད་རིམ་མེད་པར་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་འདུག
དེ་མིན་ད་ལྟའི་ཆར་ཡོན་ནན་དང་བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁུལ་གཉིས་ཀྱི་མཐའ་མཚམས་ཁུལ་དུ་ཡོད་པའི་ཟི་ཁྲོན་ཞིང་ཆེན་ཟེར་བའི་ནང་བོད་མི་མང་པོ་ཞིག་ལ་རྒྱ་ནག་གཞུང་གིས་ཉེས་མེད་ཉེས་འགལ་བྱས་ཏེ་ཁྲིམས་ཐག་བཅད་དང་གཅོད་བཞིན་པའི་གནས་ཚུལ་ཐོན་གྱིན་འདུག