choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


རེབ་གོང་ནས་མི་སྐྱ་ཞིག་གིས་རང་ལུས་མེར་བསྲེགས་བཏང་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༣ཚེས་༢༠ཉིན། ཕྱི་ལོ་༢༠༡༢ ཟླ་ ༣་ཚེས་ ༡༧ ཉིན་གྱི་བོད་ནང་གི་ཞོགས་པའི་དུས་ཚོད་༩ དང་སྐར་མ་ ༤༠ ཡས་མས་ལ། རེབ་གོང་རྫོང་གཉན་ཐོག་ཞང་། ཤ་བྲང་སྡེ་བའི་བོན་རྒྱ་ཚོ་བའི་རང་ལོ་༤༤ཡིན་པ་བསོད་ནམས་དར་རྒྱས་ཀྱིས་རང་ལུས་མེར་བསྲེགས་བཏང་ནས་འདས་གྲོངས་སུ་གྱུར་འདུག

ཁོང་གི་ཕ་དམ་པའི་མིང་ལ་ཤ་མོ་དང་མ་མིང་ལ་ལྕགས་མོ་རྒྱལ་དང་། ད་ལྟ་དགུང་ལོ་བདུན་ཅུ་དོན་བརྒྱད་ཡིན་པ་དང་། སྐྱེས་སྨན་གྱི་མིང་ལ་སྒྲོལ་དཀར་སྐྱིད་དང་། ཁོང་གཉིས་ལ་བུ་གཉིས་དང་བུ་མོ་གཅིག་ཡོད་འདུག ཁོང་ནི་ནམ་རྒྱུན་བོད་དོན་ཐད་དོ་སྣང་དང་སེམས་ཤུགས་ཆེ་ཞིང་།ནམ་རྒྱུན་རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་རྒྱུ་ལས་གལ་ཆེ་བ་གཞན་མེད་པར་ཤོད་མཁན་ཞིག་དང་། རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་ཐུབ་པ་ཡིན་ན། བོད་ཀྱི་གནད་དོན་ཚང་མ་འགྲིག་འགྲོ་གི་རེད་ཅེས་ཤུགས་ཆེར་གླེང་མཁན་ཞིག་དང་། ད་དུང་སྡེ་བ་ཕན་ཚུན་བར་གྱི་ནང་འཁྲུག་རིགས་ལ་ནམ་ཡང་ངོ་རྒོལ་བྱེད་མཁན་ཞིག་ཡིན་འདུག

ཟླ་འདིའི་ཕྱི་ཚེས་༡༧ཉིན། ཁོང་གིས་གངས་རིའི་མགྲོན་ཁང་དང་ཐོན་མིའི་རིག་གནས་དཔེ་ཁང་གི་ཉེ་འགྲམ་ལམ་གཞུང་ནས་རང་ལུས་མེར་བསྲེགས་ཀྱིས་རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། ཞེས་སྐད་འབོད་བྱས་ཏེ་ས་གནས་དེ་རང་ནས་འདས་སུ་གྱུར་ཡོད་པ་དང་། སྐབས་དེར་དེར་ཡོད་ཀྱི་བོད་རིགས་མང་ཚོགས་ཀྱིས་མ་ཎི་དབྱངས་སྒྲོག་དང་ངུ་འབོད་ཀྱི་ཀློང་ནས་ཁོང་གི་སྐུ་ཕུང་དགོན་པའི་མདུན་གྱི་སྒྲོལ་མ་ཐང་ཆེན་དུ་འཁྱེར་ཡོད་པ་དང་། རོང་པོ་དགོན་ཆེན་གྱི་གྲྭ་པ་རྣམས་དང་དམངས་ཚོགས་ཡང་གང་འཚམ་སླེབས་ཏེ། སྨོན་ལམ་གསུང་འདོན་སོགས་བྱས་ཡོད་པོ་དང་།  མཚམས་ཤིག་ནས་སྟོད་སྨད་གང་ས་ནས་མི་ཚོགས་མང་པོས་གོ་ནས་དགོན་པ་རུ་སླེབས་ཡོད་པ་དང་། ཐོག་མར་དམག་མི་དང་ཉེན་རྟོག་པ་ཚོས་ལམ་འགག་དག་ནས་བཀག་འགོག་དང་། དམག་མི་རླངས་འཁོར་ཁ་ཤས་སླེབས་ཡོད་ཀྱང་།  མི་ཚོགས་ཇེ་ཆེར་སོང་བ་དང་མི་དགའ་བའི་རྣམ་འགྱུར་བསྟན་པ་སོགས་ཀྱིས་རིམ་བཞིན་དམག་མི་རྣམས་ཕྱིར་འཐེན་ལྟ་བུ་བྱས་ནས་དེ་ཙམ་གྱིས་དམ་བསྒྲགས་ཤུགས་ཆེ་བྱས་མེད་འདུག

སྒྲོལ་མ་ཐང་ཆེན་ནས་སྨོན་ལམ་གསུང་གྲུབ་མཚམས་དགེ་འདུན་པ་དང་མང་ཚོགས་ཀྱིས་དགོན་པའི་རྒྱབ་རིའི་ངོས་ཀྱི་དགེ་འདུན་པ་སྦྱིན་སྲེག་གཏོང་ས་གདོང་རྒྱ་ཀླད་དམ་གདོང་རྒྱ་ལ་ཁ་ཟེར་ས་དེར་འཁྱེར་ནས།  བོད་ནང་གི་ཆུ་ཚོད་༡༢དང་སྐར་མ་༥༥སྟེང་དགེ་འདུན་པ་དང་མང་ཚོགས་ཀྱིས་མུ་མཐུད་དུར་ཁྲོད་རང་དུ་སྨོན་ལམ་གསུང་འདོན་དང་། ཕྱི་དྲོའི་ཆར་རོང་པོ་དགོན་ཆེན་གྱི་གྲྭ་མང་གིས་ཆོས་ལུགས་ཀྱི་ཆོ་ག་གཞིར་བཞག་སྦྱིན་སྲེག་གི་ངོ་བོ་ནས་འདས་པོ་ཁོང་གི་སྐུ་གདུང་སྦྱིན་སྲེག་གནང་ཡོད་པ་དང་། སྐབས་དེར་མི་མང་སྟོང་ཕྲག་བདུན་བརྒྱད་ཙམ་འདུ་འཛོམས་ཀྱིས་གདུང་སེམས་མཉམ་བྱས་ཡོད་འདུག

ཉེ་བའི་ཟླ་བ་ཁ་ཤས་གོང་ནས་རེབ་གོང་ཁུལ་གྱི་གྲོང་སྡེ་དང་དགོན་པ་ཁག་ནང་ལས་དོན་རུ་ཁག་ཟེར་བའི་ལས་བྱེད་པ་མངགས་ནས་དོན་རྐྱེན་རིགས་མི་འབྱུང་བའི་སྲུང་བྱ་བྱེད་བཞིན་ཡོད་པ་དང་། སྔ་ལོའི་ནང་སློབ་མས་ངོ་རྒོལ་ལས་འགུལ་སྤེལ་བ་དེ་ནས་བཟུང་སྡེ་བ་གང་ཞིག་ནས་ངོ་རྒོལ་ལས་འགུལ་བྱུང་བ་ཡིན་ན། དེར་སྟངས་འཛིན་བྱེད་པའི་ཞང་ཟེར་ནས་ལས་ཁུངས་ཀྱི་འགོ་གཙོ་ལས་གནས་ནས་གནས་དབྱུང་གཏོང་རྒྱུ་དང་། སློབ་གྲྭ་གང་ཞིག་ནས་ངོ་རྒོལ་ལས་འགུལ་བྱུང་བ་ཡིན་ན།  སློབ་གྲྭ་དེའི་སློབ་སྤྱི་ལས་གནས་ནས་གནས་དབྱུང་གཏོང་རྒྱུ་ནི་གོང་རིམ་ནས་ཐག་གཅོད་བྱས་པ་ཞིག་ཡིན་འདུག་པ་དང་། སྔར་ལོར་རྨ་ལྷོ་ཁུལ་མི་རིགས་སློབ་འབྲིང་གི་སློབ་མས་ངོ་རྒོལ་ལས་འགུལ་སྤེལ་བའི་རྗེས། སློབ་གྲྭ་དེའི་སློབ་སྤྱི་ལས་གནས་ནས་གནས་དབྱུང་བཏང་བའི་གནས་ཚུལ་བྱུང་ཡོད་པ་དང་། དེ་བཞིན་ཉེ་བའི་ཆར་ལས་ཁུངས་ཁག་གི་ལས་བྱེད་མང་ཆེ་བ་ཁྲོམ་ལམ་ཁག་ཏུ་བཏང་ནས། མང་ཚོགས་ཀྱི་འདུ་འཛོམས་དང་འགྲུལ་བཞུད་ལ་ལྟ་རྟོག་གིས། ངོ་རྒོལ་ལས་འགུལ་རིགས་མི་ཡོང་བའི་སྔོན་འགོག་དང་ལས་འགུལ་བྱུང་བ་ཡིན་ན། འཕྲལ་དུ་བཀག་སྡོམ་ཀྱི་ལས་དོན་སྒྲུབ་པར་འགྲེམས་འཇོག་བྱས་ཡོད་འདུག

གནས་ཚུལ་གཏོང་མཁན་བློ་བཟང་ཆོས་འབྱོར།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།