choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


རེབ་གོང་རོང་བོ་དགོན་ནས་རང་ལུས་མེར་བསྲེགས་བཏང་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༣ཚེས་༡༤ཉིན། ཕྱི་ཚེས་ ༡༤ ཉིན་གྱི་བོད་ནང་གི་ཆ་ཚོད་བཅུ་དང་ཕྱེད་ཀའི་སྟེང་། རེབ་གོང་རོང་པོ་དགོན་ཆེན་གདན་ས་གསུམ་གྱི་ཁོངས་ཐོས་བསམ་གླིང་གྲྭ་ཚང་གི་དགེ་འདུན་པ་རང་ལོ་༣༦་ཡིན་པ་འཇམ་དབྱངས་དཔལ་ལྡན་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་འདུག

ཁོང་གི་ཕ་དམ་པ་མཆོག་གི་མིང་ལ་དཀོན་མཆོག་སྐྱབས་དང་། མ་མིང་ལ་ལྕགས་མོ་ཟེར་ཞིང་སྐྱེས་ཡུལ་རེབ་གོང་རྒྱལ་བོ་ལྡོང་ངེ་ནས་ཡིན་པ་དང་། ཁོ་རང་རྩིས་པའི་བུ་སྤུན་བཞི་དང་སྲིང་མོ་གཉིས་ཡོད་འདུག ཁོང་ཉིད་རོང་བོ་དགོན་ཆེན་གྱི་འཛིན་གྲྭ་འདུལ་རྙིང་ཡིན་ལ། རྒྱུན་དུ་སློབ་ལ་བརྩོན་པ་དང་ཉམས་ཆུང་ཞི་དུལ་ཆེ་བ། གཟུགས་གཞི་ཧ་ཅང་བདེ་ཐང་བཅས་རེད་འདུག

རང་ལུས་མེར་སྲེག་སྐབས་ཁོང་གིས་དང་པོ་ཕྱག་གསུམ་འཚལ་རྗེས། ༧རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་དགོས། བོད་མི་རིགས་དང་སྐད་ཡིག་ལ་རང་དབང་དགོས་ཞེས་སྐད་འབོད་བརྒྱབ་རྗེས་། ས་སྣུམ་བྱུགས་པའི་གཟན་ཤམས་ལ་མེ་སྦར་ དུས་རོང་བོ་དགོན་ཆེན་ཚོགས་ལ་ཚོགས་འདུག་པས། ཉེ་འཁྲིས་སུ་ཕྱག་བསྐོར་ཕེབས་མཁན་འགའ་རེ་མ་གཏོགས་མི་མང་པོ་མེད་པ་དང་ཉེ་འཁྲིས་ཀྱི་མི་ཞིག་གིས་རང་གི་སྟོད་གོས་ཕུད་དེ་མེ་གསོད་རྩིས་བྱས་ཀྱང་མེ་གསོད་ཐུབ་མི་འདུག དེ་མ་ཐག་ཉེ་འཁོར་གྱི་མི་མང་པོས་མཐོང་སྟེ་སྒྲོལ་མ་ཐང་ཆེན་དུ་ཡོད་པའི་ཕྱག་བསྐོར་བའི་གདན་གྱིས་མེ་གསོད་ཐུབ་འདུག ཡིན་ནའང་ཐུན་རིན་རྫོང་ཆོས་དོན་ཅུའུ་ཡི་མི་སྣ་དང་དམག་མིས་སྨན་ཁང་དུ་ཁྱེར་འདུག

སྐབས་དེར་མི་མང་གིས་གཅིག་གིས་གཅིག་ལ་བརྡ་བརྒྱབ་སྟེ་སྨན་ཁང་སྒོ་ཁར་འདུ་འཛོམས་སྐད་འབོད་ཀྱིས་ཁོང་ཕྱིར་སྤྲོད་དགོས་པའི་རེ་འདུན་བཏོན་པ་བཞིན་ཕྱིར་སྤྲད་དེ། རོང་བོ་དགོན་ཆེན་གྱི་ཚོགས་ཆེན་འདུ་ཁང་གི་ཁྱམས་རྭར་གདན་འདྲེན་ཞུས་པ་སེར་སྐྱ་མི་མང་གིས་མཐོང་སྐབས་རྐང་པ་ལག་པ། རྒྱབ་དང་མགོ་ཕྱེད་བཅས་འཚིག་རྨས་ཚབས་ཆེན་བྱུང་བ་ལྟ་མི་བཟོད་པ་ཞིག་ཡིན་འདུག ད་ལྟ་ཁོང་རང་གི་གྲྭ་ཤག་ཏུ་གདན་འདྲེན་གྱིས་སྨན་བཅོས་ཞུ་བཞིན་ཡོད་ནའང་གསོན་རེ་ཐུབ་མིན་བཤད་ཚོད་དཀའ་བའི་གནས་སུ་གྱུར་ཡོད་འདུག

གནས་ཚུལ་བྱུང་མ་ཐག་དགོན་པའི་མདུན་གྱི་སྒྲོལ་མ་ཐང་ཆེན་དུ་སེར་སྐྱ་མི་མང་ཕོན་ཆེ་འདུ་འཛོམས་ཀྱིས་སྐད་འབོད་བརྒྱབ་པར་དྲག་དམག་གིས་མནན་ཡོད་ནའང་། མི་མང་གིས་ ༧རྒྱལ་བ་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས་སྐད་ཤུགས་ཆེན་པོས་གསུངས་ཏེ་དམག་མིས་འདུ་འཛོམས་གྲོལ་དགོས་པའི་རེ་འདུན་བཏོན་ནའང་། བོད་ནང་གི་ཕྱི་དྲོ་ཆུ་ཚོད ༣དང་ཕྱེད་ཀ་བར་རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས་ཞེས་སྐད་འབོད་བྱས་ཡོད་འདུག གྲྭ་མང་གིས་ཁོང་གསོན་རེ་ཐུབ་མིན་ལ་ཞབས་བརྟན་སྒྲུབ་ཀྱིན་ཡོད་ནའང་རོང་བོ་དགོན་ཆེན་གྱི་མཐའ་བསྐོར་ཡོངས་རྫོགས་ད་ལྟ་དྲག་དམག་གིས་མནན་འདུག

རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་བྱུང་རྗེས། དགེ་འདུན་ཆོས་འཕེལ་སློབ་འབྲིང་ དང་རེབ་གོང་རྫོང་མི་རིགས་སློབ་འབྲིང་དང་། དབྱི་ཧྥུ་སློབ་འབྲིང་གཉིས་པ་བཅས་ཀྱི་སློབ་མ་རྣམས་ཁྲོམ་གཞུང་དུ་ཐོན་ནས། ངོ་རྒོལ་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་མགོ་ཚུགས་ཡོད་པར། ས་གནས་ཉེན་རྟོག་པ་དང་དམག་མིས་བཀག་སྡོམ་འོག སློབ་གྲྭའི་ར་སྐོར་ནང་འཛོམས་ནས་སྐད་འབོད་ཤུགས་ཆེ་བྱས་ཡོད་པ་དང་། རེབ་གོང་རྫོང་ཐོག་དང་དེའི་གཡས་གཡོན་གྱི་སློབ་ཆུང་སློབ་མ་དག་གིས་ཀྱང་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཡོད་འདུག

དེ་བཞིན་ཕྱི་ཚེས་ ༡༤ ཉིན་གྱི་བོད་ནང་གི་ཞོགས་པའི་ཆུ་ཚོད་བཅུ་པ་ཡས་མས་ཙམ་ལ། རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་དང་པོ་དང་། རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་གཉིས་པ། ལག་ཤེས་ལས་རིགས་སློབ་གྲྭ་བཅས་ཀྱི་སློབ་མ་ཉིས་སྟོང་ལྔ་བརྒྱ་ཙམ་གྱིས། རྩེ་ཁོག་རྫོང་གི་ཁྲིམ་གཞུང་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་འདུག་ཅིང་། དེ་ཡང་སློབ་མ་ཚོས། སྐད་ཡིག་རང་དབང་། མི་རིགས་འདྲ་མཉམ། འཐབ་ར་གཏོར་དགོས་ཞེས་རྫོང་མི་དམངས་སྲིད་གཞུང་དང་། རྫོང་ཉེན་རྟོག་ལས་ཁུངས། རྫོང་དྲག་ཆས་ལས་ཁུངས་བཅས་ཀྱི་སྒོ་ཁར་བསྐྱོད་ནས་སྐད་འབོད་བྱས་ཡོད་པ་དང་། དྲན་ཆས་ལས་ཁུངས་ཀྱི་སྒོ་ཁར་འཐབ་ར་ཞིག་བརྒྱབ་ནས་ཡོད་པ་དེ་གཏོར་བ་སོགས་ཀྱི་གནས་ཚུལ་ཐོན་ཡོད་པར། དམག་མི་དང་ཉེན་རྟོག་པ་ཕོན་ཆེ་སླེབས་ནས་དྲག་ཤུགས་ངོམ་པའི་སྐོར་སྐྱོད་རྔམ་སྟོན་བྱས་ཏེ། དམ་བསྒྲགས་ཀྱི་གྲ་སྒྲིག་བྱེད་ཀྱིན་ཡོད་འདུག་པ་ཙམ་ལས། སློབ་མ་འཛིན་བཟུང་སོགས་ཀྱི་གནས་ཚུལ་སྐོར་གང་ཡང་ཤེས་རྟོགས་ཐུབ་མི་འདུག

གཞན་ཡང་། དགོན་པའི་འདབས་འབྲེལ་གྱི་མི་དམངས་དང་སྨད་པ་སྤེན་དཀར་ཐང་དགོན་པའི་དགེ་འདུན་པ་དང་། ས་དེའི་མི་དམངས་མང་པོ་རོང་པོ་དགོན་པའི་ཕྱོགས་སུ་འགྲོ་བསྐྱོད་ཞུས་དང་ཞུ་མུས་ཀྱིས་མཚོན། དགོན་པ་དང་ཐག་ཉེ་རིང་གི་མི་དམངས་གང་མང་མེར་སྲེག་ལས་འགུལ་འདིར་གདུང་སེམས་མཉམ་བསྐྱེད་དང་སྨོན་ལམ་ཆེད་འཛོམས་ཤུགས་ཆེ་རུ་འགྲོ་བཞིན་ཡོད་འདུག་ནའང་། གཞུང་དང་དམག་མིས་འདུ་འཛོམས་མཚམས་འཇོག་དགོས་པའི་དྲག་སྐུལ་འོག བོད་ནང་གི་ཆུ་ཚོད་གསུམ་དང་ཕྱེད་ཡོལ་ཙམ་ནས་མི་མདངས་རྣམས་རང་གནས་སུ་ལོག་མགོ་བརྩམས་ཡོད་འདུག

གནས་ཚུལ་གཏོང་མཁན་བློ་བཟང་ཆོས་འབྱོར།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།