རྒྱ་གཞུང་གིས་བྷི་བྷི་སི་གསར་འགོད་པར་འཇིགས་སྐུལ་བྱས་འདུག

 པར་འདེབས།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༢ཚེས་༡༡ཉིན། བྷི་བྷི་སི་གསར་འགོད་པས་མདོ་སྨད་རྔ་པ་སོགས་སུ་བོད་མིས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་མཁོ་སྒྲུབ་བྱེད་དུ་འགྲོང་སྐབས་རྒྱ་གཞུང་གིས་བཀག་འགོག་དང་འཇིགས་སྐུལ་བྱས་འདུག

བྷི་བྷི་སི་གསར་འགོད་པ་ཌཱ་མེན་གྷམ་མཱ་ཊི་ཁ་སུ་(Damian Grammaticas)ལགས་ཀྱིས་བརྗོད་རྒྱུར། ང་དང་ངའི་ལས་གྲོགས་ཚོ་རྔ་པ་སོགས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་མཁོ་སྒྲུབ་བྱེད་དུ་སོང་ཡང་རྒྱ་གཞུང་གིས་དམག་མི་འབོར་ཆེན་བཀྲམ་ཏེ་བཀག་སྡོམ་ཆེན་པོ་བྱས་འདུག ང་ཚོ་ཆུ་ཚོད་༩ཙམ་གྱི་རིང་བཀག་ཉར་བྱས་ཏེ་བོད་ནང་གནས་ཚུལ་མཁོ་སྒྲུབ་བྱེད་དུ་ཡང་བསྐྱར་མི་འོང་བར་མིང་རྟགས་བཀོད་དུ་བཅུག་ཀྱང་། ང་ཚོས་མོས་མཐུན་མ་བྱས་པར་བརྟེན་ཉིན་གཉིས་ཀྱི་ནང་ཚུད་དུ་ང་ཚོའི་ཐོངས་མཆན་རྩིས་མེད་གཏོང་རྒྱུ་ཡིན་སྐོར་ཀྱི་འཇིགས་སྐུལ་བྱས་སོང་ཞེས་དང་།

དེ་བཞིན་ཁོང་གི་ལས་གྲོགས་ཚོ་བོད་ནང་གི་ས་ཁུལ་གཞན་དག་གི་ནང་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་སྐོར་མཁོ་སྒྲུབ་བྱེད་དུ་སོང་ཡང་།  རྒྱ་གཞུང་གིས་རང་ལུས་མེར་སྲེག་གཏོང་མཁན་ཚོ་འཇིགས་སྐུལ་དྲག་སྤྱོད་པ་རེད་ཅེས་བོད་ནང་དྲག་གནོན་བྱེད་བཞིན་པའི་དངོས་ཡོད་གནས་ཚུལ་སྦ་གསང་བྱས་ལུགས་བརྗོད་འདུག་ལ། ཡང་ཌཱ་མེན་གྷམ་མཱ་ཊི་ཁ་སུ་ལགས་ཀྱིས་ང་ཚོ་གྲོང་གསེབ་ནང་དུ་འགྲོ་སྐབས་ཉེན་རྟོག་པ་བཞི་རྗེས་སུ་ཡོང་བ་མ་ཟད། ཁོང་ཚོའི་ནང་གི་མི་གཅིག་ང་ཚོ་འདུག་སའི་གླ་སྐྱེལ་རླངས་འཁོར་དུ་བསྡད་ནས་ང་ཚོའི་བྱ་སྤྱོད་ལ་ལྟ་རྟོག་གཟབ་ནན་བྱས་པ་མ་ཟད། འགྲོ་ཁར་ཡང་བསྐྱར་ང་ཚོ་བཀག་ནས་པར་སོགས་བཙན་འཕྲོག་བྱེད་རྩིས་བྱས་སོང་། རྒྱ་གཞུང་གིས་བོད་ནང་དྲག་གནོན་བྱེད་པའི་གནས་ཚུལ་གཞན་ལ་སྦ་གསང་བྱེད་ཀྱི་འདུག་ཀྱང་བོད་རིགས་མི་མང་གི་དཀའ་སྡུག་ཉིན་རེ་བཞིན་ཆེ་རུ་འགྲོ་བཞིན་འདུག་ཅེས་སོགས་བརྗོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།



བརྗོད་གཞི་གཞན་ཁག་ལ་གཟིགས།