choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


རྟའུ་ནས་བོད་མི་ཞིག་གིས་རེ་སྐུལ་འདི་ལྟར་གནང་སོང་།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡༡ཚེས་༤ཉིན། ཁ་སང་ཕྱི་ཟླ་༡༡པའི་ཚེས་༣ཉིན་གྱི་བོད་ནང་གི་ཆུ་ཚོད་༡༢ཡས་མས་སུ་ཁམས་རྟའུ་ནས་བཙུན་མ་དཔལ་ལྡན་ཆོས་མཚོ་ལགས་ཀྱིས་རང་ལུས་མེ་སྲེག་བཏང་ནས་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་བྱུང་མ་ཐག ས་གནས་དེ་ནས་བོད་མི་ཞིག་གིས་ཁ་པར་བརྒྱུད་བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ལ་བོད་ནང་གི་གནས་སྟངས་དང༌། རང་ལུས་མེ་སྲེག་ཚུན་པའི་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་དགོས་དོན། རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་རེ་སྐུལ་བཅས་འདི་ལྟར་གནང་སོང༌།

ང་ཚོ་འདི་དགོན་པ་ཡིན་ན་འདྲ་མང་ཚོགས་ཡིན་ན་འདྲ་རེ་འདུན་གཙོ་བོ་དེ་ག་རེ་རེད་ཟེར་ན། ༧རྒྱལ་བ་རིན་པོ་ཆེ་མགྱོག་ནས་མྱུར་དུ་རང་ཡུལ་དུ་ཚུར་ཕེབས་ཐུབ་པའི་དུས་དང་རྣམ་པ་ཀུན་དུ་རེ་བ་དང་སྨོན་ལམ་རྒྱག་གིན་ཡོད་པ་རེད། གཉིས་ནི་རྒྱ་མི་ཚོས་༧རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་ཚོ་དང་ལྷན་དུ་བོད་མི་མང་གི་དཀའ་རྙོག་སེལ་ཐབས་སུ་གདོང་དང་གདོང་གཏུགས་ནས་སྐད་ཆ་ཤོད་དགོས་ཀྱི་ཡོད་པ་རེད། མ་གཏོགས་ཁོང་ཚོས་རྒྱུན་དུ་གསར་འགྱུར་ཞིག་གཏོང་གིན་ཡོད་ནའང་དེ་རྫུན་མ་དང༌། ང་ཚོར་ཆོས་དད་རང་དབང་རྩ་བ་ནས་མེད་ཅིང༌། ཆུང་སར་ཆགས་བཞག་ན་མ་ཎི་ཞིག་འཚོགས་དགོས་ཀྱང་ཁོང་ཚོར་སྙན་སེང་མ་ཞུས་པར་རྩ་བ་ཉིད་ནས་ཚོགས་མི་ཆོག་པ་དང༌། ང་ཚོར་ཆོས་དད་རང་དབང་ཟེར་བ་དེ་ཁ་ཙམ་ཚིག་ཙམ་མ་གཏོགས། བསང་ཞིག་གཏོང་དགོས་ཀྱང་རང་དབང་ཡོད་པ་མ་རེད།

ཁོང་ཚོས་མི་མང་ཚོར་གནོན་ཤུགས་སྤྲད་ནས་༧རྒྱལ་བ་རིན་པོ་ཆེར་མཚན་སྨད་ཞུ་བཅུག་པ། རྒྱུན་དུ་དྲག་གནོན་ཁོ་ན་བྱེད་ཀྱིན་ཡོད་པ་བཅས་ཀྱིས་ང་ཚོས་འུ་ཐུག་ཐབས་ཟད་ནས་གནས་ཚུལ་འདི་བྱུང་བ་རེད། ངས་སྔོན་མ་ནས་ལབ་མྱོང་ཡོད། ང་ཚོ་སྔོན་མར་གནས་ཚུལ་མེ་སྲེག་བཏང་བའི་གནས་ཚུལ་འདི་འདྲ་བྱུང་ཡོད་པ་མ་རེད་མ་གཏོགས་གནས་སྟངས་འདི་ལས་ཐབས་སྐྱོ་བ་མང་པོ་བྱུང་ཡོད་པ་རེད།

ཐེངས་འདིར་རྒྱལ་སྤྱིར་འབོད་སྐུལ་ཞུ་རྒྱུ་ཞིག་ལ། འཛམ་བུ་གླིང་གི་རྒྱལ་ཁབ་ཚང་མས་རྒྱ་ནག་ལ་གནོན་ཤུགས་སྤྲད་ནས་ང་ཚོའི་གནས་ཚུལ་དེ་ཐག་ཆོད་པ་ཞིག་དང༌། ང་ཚོ་ཚང་མས་༧རྒྱལ་བ་རིན་པོ་ཆེ་བའི་ལམ་ཕྱོགས་གཞིར་བཟུང་༼དབུ་མའི་ལམ་༽ལ་མོས་མཐུན་བྱེད་ཀྱིན་ཡོད། གྲྭ་པ་ཡིན་ནའང་འདྲ་བཙུན་མ་ཡིན་ནའང་འདྲ་ཁོང་ཚོས་རང་ལུས་མེ་སྲེག་བཏང་བ་དེ་དཀའ་ངལ་ཞིག་གི་འོག་ནས་རང་ལུས་མེ་སྲེག་བཏང་བ་རེད་མ་གཏོགས། ཕྱི་ལོགས་ནས་བརྒྱུད་སྐུལ་བྱས་པ་ཙམ་གྱིས་རང་གི་ལུས་མེ་སྲེག་རྩ་བ་ནས་གཏོང་ཐུབ་ཀྱི་མ་རེད་ལ་གཏོང་གི་མ་རེད། དེ་ཚོ་སོ་སོས་བསམ་བློ་བཏང་ནས་བྱས་པ་ཞིག་ལས་ཕྱི་ལོགས་ནས་བརྒྱུད་སྐུལ་བྱས་པ་ཞིག་རྩ་བ་ནས་མ་རེད་ཅེས་འགྲེལ་བརྗོད་གནང་འདུག

ང་ཚོའི་གནས་ཚུལ་དེ་ཚོ་ཆ་ཚང་རྟོགས་པར་རྒྱལ་སྤྱིའི་ངོས་ནས་གསར་འགོད་པ་མང་པོ་ཞིག་གཏོང་རྒྱུའི་རེ་བ་ཡོད། དེ་བཞིན་བཙན་བྱོལ་དུ་ཡོད་པའི་རྒན་གཞོན་ཚང་མས་ང་ཚོར་རྒྱབ་སྐྱོར་གནང་ནས་ས་གནས་གང་སར་ལས་འགུལ་འདྲ་མིན་སྤེལ་བཞིན་ཡོད་པ་རེད། ང་ཚོ་ཚང་མས་མཉམ་དུ་དེ་འདྲ་དགོས་ཀྱི་ཡོད་པ་རེད་ལ་དེར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། བཙན་བྱོལ་དུ་ཡོད་པའི་བོད་མི་ཚོས་ལས་འགུལ་ཤུགས་ཆེན་པོ་ཇི་ཙམ་སྤེལ་བ་དེ་ཙམ་གྱིས་ང་ཚོས་འདིར་ཕན་ཐོགས་ཀྱི་འདུག གང་ཡིན་ཟེར་ན། ཕྱི་ལོགས་ནས་ལས་འགུལ་སྤེལ་བཞིན་པ་དེས་ཁོང་ཚོས་དམ་དྲག་ཆེན་པོ་དེ་ཙམ་བྱེད་ཐུབ་ཀྱི་མི་འདུག འོན་ཀྱང་སང་ཉིན་དང་གནང་ཉིན་དེ་ཚོ་ག་རེ་བྱ་ཡོང་ཤེས་ཀྱི་མ་རེད།

བཙན་བྱོལ་དུ་ཡོད་པའི་རྒན་གཞོན་བར་མ་ཚང་མས་རྡོག་རྩ་གཅིག་སྒྲིལ་ཐོག་ང་ཚོར་རྒྱབ་སྐྱོར་གནང་རོགས་ཞུ་རྒྱུ་ཡིན། ད་ལྟ་ཕན་ཆད་ལ་རྒྱབ་སྐྱོར་ཤུགས་ཆེན་པོ་གནང་བཞིན་པ་དེར་ང་ཚོ་རྟའུ་ཁུལ་དུ་ཡོད་པའི་སྐྱ་སེར་ཚང་མའི་ཚབ་ཞུས་ནས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། དེ་དང་ཆབས་ཅིག་ང་ཚོའི་གནས་ཚུལ་འདི་༧སྐྱབས་མགོན་ཆེན་པོ་ཆེ་དང་༧རྒྱལ་བ་ཀརྨ་པ་ལ་སོགས་པའི་བླ་ཆེན་རྣམས་པའི་སྙན་དྲུང་དུའང་ཞུ་རོགས་གྱིས་ཞེས་ཞུ་རྒྱུ་ཡིན་ཞེས་གསུངས་སོང༌།

ཡང་ཁོང་གིས་བཙུན་མ་དེས་རང་ལུས་མེ་སྲེག་བཏང་རྗེས། ཕྱི་ལོགས་ནས་བོད་མི་སྟོང་ཕྲག་༢དང་༣ལྷག་ཙམ་གྱིས་བོད་ལ་རང་དབང་དགོས། ༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་ཞེས་སྐད་འབོད་བྱེད་ཀྱིན་འདུག་ལ། ཕོ་གསར་འགའ་ཤས་དང་ཉེན་རྟོག་པ་དབར་རྡོ་བཞུས་རེས་ཀྱི་རྒྱག་རེས་ཤོར་འདུག སྐབས་དེར་དགོན་པའི་གྲྭ་པ་འགའ་ཤས་ཀྱིས་བཀག་ནས། རྡོ་བཞུས་རྒྱུ་ཡོད་པ་མ་རེད། ང་ཚོས་སྔོན་ལ་བཙུན་མ་དེའི་སྐུ་ཕུང་བདག་པོ་ཡག་པོ་ཞིག་རྒྱག་ནས་མཆོད་འབུལ་སོགས་ལེགས་པར་གྲུབ་རྗེས། ང་ཚོས་ཐབས་ཤེས་ག་རེ་བྱ་དགོས་མིན་ལྟ་དགོས་ཞེས་གསུངས་སོང་ཞེས་འགྲེལ་བརྗོད་གནང་བྱུང༌།

དྷ་རམ་ས་ལར་གནས་སྡོད་བྱེད་མཁན་ཁམས་རྟའུ་ནས་ཡིན་པའི་བློ་བཟང་སྦྱིན་པ་ལགས་ཀྱིས། དེ་སྔོན་གྲྭ་ཚེ་དབང་ནོར་བུ་ལགས་ཀྱིས་རང་ལུས་མེ་སྲེག་བཏང་བའི་ཉི་མ་དེ་ནས་བཟུང༌། དགོན་པ་དང་བཙུན་དགོན་ཁག་རྒྱ་གཞུང་གི་ཉེན་རྟོག་དམག་གིས་བསྐོར་ནས་བཙོན་ཁང་ནང་བཞིན་ཆགས་ཡོད་པ་རེད། ཁ་སང་བཙུན་མ་དཔལ་ལྡན་ཆོས་མཚོ་ལགས་ཀྱིས་རང་ལུས་མེ་སྲེག་བཏང་རྗེས། བོད་མི་སྟོང་ཕྲག་༣ལྷག་ཙམ་དེར་འཛོམས་ནས་སྐད་འབོད་ཤུགས་ཆེ་བརྒྱབ་ཡོད་འདུག་པ་དང༌། སླར་ཡང་རྒྱ་མིའི་དམག་མི་མང་པོ་ཞིག་འབྱོར་དང་འབྱོར་བཞིན་པ་ཡིན་འདུག རྒྱ་གཞུང་གི་ལས་བྱེད་པ་འགའ་ཤས་ཡོང་ནས་དགོན་པའི་མཁན་པོ་སོགས་ལས་སྣེ་ཁག་དང༌། བཙུན་དགོན་གྱི་འགན་འཛིན་བཅས་ལས་ཁུངས་ནང་བཙན་ཁྲིད་བྱས་ཡོད་འདུག

གནས་ཚུལ་ལྷག་ནས་སྐར་མ་འགའ་ཤས་རྗེས་དཀར་མཛེས་རྫོང་ཁག་༡༨ཀྱི་དྲ་རྒྱ་སོགས་བརྒྱུད་ལམ་ཁག་ཡོངས་སུ་བཀག་སྡོམ་བྱས་ཡོད་འདུག གནས་ཚུལ་དེ་དག་སྐོར་འདྲ་པར་མང་པོ་ཞིག་ཡོད་ཀྱང་ཡར་བསྐུར་ཐུབ་ཀྱི་མི་འདུག་ཅེས་གསུངས་བྱུང༌། དེ་རིང་འདིར་ཕེབས་པའི་མི་མང་རྣམས་སེམས་ནང་ཚོར་བ་ཡོད་པའི་ཐོག་ནས་འདིར་སླེབས་ཡོད་ཀྱི་རེད། དེར་བརྟེན་མི་མང་རྣམས་ཀྱིས་ཚོར་བ་ཡོད་པའི་ཐོག་ནས་སེམས་ནང་ཡག་པོ་ཞིག་ཉར་རོགས་གྱིས།

ད་ལྟ་ཡིན་ནའང་བོད་ནང་དུ་ཕྱི་ལོ་༢༠༠༨ལོ་ནས་འཛིན་བཟུང་བྱས་པའི་བོད་མི་མང་པོ་ཞིག་རྒྱ་ནག་གི་ཧ་ལས་པའི་མནར་གཅོད་འོག་ནས་དཀའ་སྡུག་མྱངས་དང་མྱོང་བཞིན་ཡོད་པ་རེད། མང་པོ་ཞིག་རྒྱ་ནག་གི་བཙོན་ཁང་དེ་ཚོའི་ནང་བཙན་ཁྲིད་བྱས་ནས་ད་ལྟ་ག་ཡོད་ཤེས་ཀྱི་ཡོད་པ་མ་རེད། ཕྱི་ལོ་༢༠༡༡ལོར་ངོས་རང་བོད་ནང་དུ་ཡོད་པ་རེད། སྐབས་དེར་སི་ཁྲོན་ཞིང་ཆེན་གྱི་དཔོན་པོ་ཞིག་ང་ཚོའི་དགོན་པའི་ནང་ཡོང་ནས། ཁྱེད་ཚོར་རེ་བ་ག་རེ་ཡོད། ཆོས་དད་རང་དབང་རེད་ཅེས་བཤད་ཡོད་པ་རེད། སྐབས་དེར་ང་ཚོའི་དགོན་པའི་མཁན་པོས་ང་ལ་རེ་བ་ཞིག་ཡོད། དངོས་གནས་ཞུས་པ་ཡིན་ན་ང་ཚོའི་དགོན་པའི་མདུན་ཁང་ནང་གི་བཞུགས་ཁྲི་དེའི་སྟེང་རྒྱུན་དུ་༧གོང་ས་མཆོག་གི་སྐུ་པར་བཤམས་ཀྱི་ཡོད།

འོན་ཀྱང་ཁྱེད་ཚོ་ལྟ་བུ་འགོ་ཁྲིད་དེ་ཚོ་ཡོང་དུས་མར་བསྡུ་ཡི་ཡོད། དེར་བརྟེན་མ་འོངས་པར་སྔོན་མ་ནང་བཞིན་མུ་མཐུད་ནས་བཤམས་ཆོག་གི་རེད་དམ་ཞེས་དྲིས་དུས། རྒྱ་མིའི་དཔོན་པོ་དེས་ཨོ་དེ་ཆོག་གི་མ་རེད། སེམས་ནང་དུ་དད་པ་བྱ་རྒྱུ་ལས་པར་དེ་བཤམས་ན་འགྲིག་གི་མ་རེད་ཅེས་བཤད་སོང༌། སྐབས་དེར་ངོས་ཀྱང་ཁོང་ཚོའི་འཁྲིས་སུ་ཡོད། རྒྱ་ནག་གཞུང་གི་རྒྱུན་དུ་ནས་ཁ་དོན་མི་མཚུངས་པའི་སྐད་ཆ་རྐྱང་རྐྱང་ཤོད་ཀྱིན་ཡོད་པ་རེད། དོན་ངོ་མར་བོད་ནང་ཆོས་དད་རང་དབང་རྩ་བ་ནས་ཡོད་པ་མ་རེད་ཅེས་འགྲེལ་བརྗོད་གནང་སོང༌།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།