choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


རྒྱ་གཞུང་གིས་གོ་ལ་ཧྲིལ་པོ་ཁྱུར་མིད་གཏོང་བའི་རེ་ངན་བཅངས་ཡོད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༩ཚེས་༢༠ཉིན། ཕྱི་ལོ་༢༠༠༨ལོ་ནས་བཟུང་རྒྱ་གཞུང་གི་མགོ་ཁྲིད་ཚོས་བོད་དོན་ཐོག་ཡ་ང་བའི་སྲིད་བྱུས་མཁྲེགས་འཛིན་བྱས་ཡོད་པར་བརྟེན་འཛམ་གླིང་ཡོངས་ཀྱིས་རྒྱ་ནག་གི་བྱ་སྤྱོད་དེ་ནོར་འཁྲུལ་ཆེན་པོ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་དང༌། རྒྱ་གཞུང་གིས་ག་ལེར་དཔལ་འབྱོར་གྱི་སྟོབས་ཤུགས་ལ་བརྟེན་ནས་བོད་རིགས་མི་མང་གི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་རྩ་མེད་དུ་གཏོང་བའི་ལྐོག་ཇུས་འཐེན་བཞིན་ཡོད་པ་མ་ཟད། རྒྱ་ནག་དམར་ཤོག་གི་ལྟ་བ་བེད་སྤྱད་དེ་གྲངས་ཉུང་མི་རིགས་ཁག་གི་སྐད་ཡིག་དང་ཡུལ་སྲོལ་གོམས་གཤིས་སོགས་རྨང་ནས་ཧན་མི་རིགས་ཆེན་པོ་རུ་བསྒྱུར་བ་དང༌། རིམ་གྱིས་གོ་ལ་ཧྲིལ་བོ་ཁྱུར་མིད་གཏོང་བའི་ཧམ་སེམས་དེ་གཏན་ནས་འདོར་གྱི་མེད་པ་རེད། དེའི་ཕྱིར། དུས་རབས་ཉི་ཤུ་པ་དང་ཉེར་གཅིག་པའི་དུས་མགོ་ཡི་རྒྱ་ནག་ནི་ཟིང་འཁྲུག་ཆེ་ཞིང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དུ་བཏང་ང་དང་གཏོང་བཞིན་པའི་མི་སེར་སྤེལ་ཡུལ་རིང་ལུགས་པའི་ལོ་རྒྱུས་ཀྱི་དེབ་ཐེར་ནག་པོ་ཞིག་ཏུ་ཆགས་ཡོད།

རྒྱ་ནག་ལ་འཛམ་གླིང་ཐོག་གི་སྟོབས་ལྡན་རྒྱལ་ཁབ་ཏུ་འབོད་པ་དེ་གཞི་རྟེན་གང་ཡང་མེད་པའི་འུད་གཏམ་ཁོ་ན་ལས་མ་མཆིས། ༧ཏཱ་ལའི་བླ་མ་མཆོག་གི་རྒྱ་ཆེ་ཞིང་ཀུན་ཕན་གྱི་ལྟ་སྤྱོད་ལ་འཛམ་གླིང་གི་ཡུལ་གྲུ་གང་ས་ནས་མཐོང་ཆེན་བྱེད་བཞིན་ཡོད་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་དང་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོས་ ཁོང་གི་བླ་ན་མེད་པའི་དགོངས་བཞེས་ལ་ཆེད་བསྟོད་ཀྱི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་སོགས་གཟེགས་རྟགས་རབས་དང་རིམ་པ་ཕུལ་ཏེ་འཛམ་གླིང་ཞི་བདེ་ཡི་མཚོན་བྱེད་ཅིག་ཏུ་ངོས་འཛིན་གནང་གི་ཡོད་པ་རེད།

ཡིན་ནའང༌། པེ་ཅིང་གི་ལངས་ཕྱོགས་ལ་མཁྲེགས་འཛིན་གྱིས་གཡོ་འགུལ་གང་ཡང་ཐེབས་ཀྱི་མེད་པ་དེ་ཀུན་གྱི་སེམས་འཚབ་བྱ་ཡུལ་ཞིག་ཏུ་གྱུར་ཡོད་པ་དང༌། དམར་ཤོག་པའི་མགོ་ཁྲིད་ཚོས་དེ་ལྟར་དུས་ཡུན་རིང་པོར་ནར་འགྱངས་བྱས་པ་ཡིན་ན་གནས་ཚུལ་སྟབས་བདེ་བོས་ངང་རྒྱུན་འཁྱོངས་ཐུབ་པར་རེ་ངན་བཅངས་ཀྱི་ཡོད་པར་སྙམ།  

རྒྱ་ནག་གི་མིག་སྔར་གྱི་གནད་དོན་དེ་བོད་དོན་དང་གཏན་དུ་འབྲེལ་ཡོད་ལ། འཛམ་གླིང་ཧྲིལ་པོའི་དཔལ་འབྱོར་མཉམ་ལས་དང་རྒྱབ་སྐྱོར་མེད་ན་རྒྱ་ནག་ནམ་ཡང་དཔལ་འབྱོར་སྟོབས་ལྡན་གྱི་རྒྱལ་ཁབ་ཏུ་འགྱུར་ཐབས་མེད་པ་རྒྱ་གཞུང་གིས་གསལ་བོ་ཤེས་ངེས། སྤྱི་ཚོགས་ཀྱི་འཕེལ་རྒྱས་ལེགས་འགྲུབ་འབྱུང་བར་ཆབ་སྲིད་ཀྱི་ཞབས་འདེགས་ནུས་པ་ལེགས་པོ་ཐོན་དགོས་པ་མ་ཟད། སྤྱི་ཚོགས་བརྟན་འཇགས་དེའང་ཤིན་ཏུ་གལ་ཆེན་པོ་ཆགས་ཡོད་པ་རེད།

ཉེ་ཆར་རྒྱ་ནག་གི་སྲིད་བློན་བུན་ཅ་པའོ་ཡོ་རོབ་ནང་དུ་བསྐྱོད་སྐབས་སུ། ཁོ་རང་གི་ལྟ་སྤྱོད་མཁྲེགས་བཟུང་ལ་ངོ་གནོང་དགོས་པ་ཞིག་ཆགས་ཡོད་པ་མ་ཟད། རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཤིག་གི་ངོས་ནས་རྒྱ་ནག་ནང་ལོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སོགས་ཀྱི་ཐད་ལ་ཁ་སྐྱེངས་དགོས་པ་ཆགས་ཡོད་པར་བརྟེན། ཁོང་གིས་གནད་དོན་དེ་ཇི་ལྟར་ཐག་གཅོད་བྱེད་དགོས་པའི་སྐོར་ལ་རྒྱ་ནག་གི་མགོ་ཁྲིད་གཞན་དང་མི་འདྲ་བར་བསམ་ཚུལ་མང་པོ་བཏོན་གནང་ཡོད་པ་མངོན་གསལ་དོད་པོ་དང༌། བསམ་ཚུལ་དེ་ཚོ་ཡང་མང་ཆེ་བ་རྒྱ་ནག་ནང་མེད་པའི་རིག་གནས་རིན་ཐང་དང་མི་མང་གི་མངོན་འདོད་སོགས་རེད།

ལྷོ་ཨ་ཧྥེ་ཁ་དང་ཨུ་རུ་སུ་མཉམ་འབྲེལ་གཉིས་ཀྱིས་མི་རིགས་དབྱེ་འབྱེད་ཀྱི་ལམ་ལུགས་རྩ་མེད་བཟོས་པ་དེས་བོད་རང་བཙན་གྱི་ལངས་ཕྱོགས་ལ་རེ་བ་བསྐྲུན་ཡོད་ཀྱང༌། རྒྱ་ནག་གི་རིག་གཞུང་ནི་དེ་དང་མངོན་གསལ་གྱིས་ཁྱད་པར་ཆེན་པོ་ཡོད། གང་ལྟར་བོད་དོན་འཐབ་རྩོད་ཀྱི་མེ་རླབས་དེ་བོད་མི་རིགས་ཀྱི་མི་རབས་ནས་མི་རབས་བརྒྱུད་དེ་སྙིང་དབུས་སུ་འཛུལ་བཞིན་ཡོད་པ་དང་དུས་མཚུངས་སུ། ནུབ་ཕྱོགས་ཀྱི་རྒྱལ་ཁབ་མང་པོས་ཀྱང་བོད་དོན་ཐོག་ཉིན་རེ་བཞིན་དོ་སྣང་ཆེ་རུ་འགྲོ་བཞིན་ཡོད་པ་རེད།

མལ་ཁོམ་ཟེར་བའི་གསར་འགོད་པ་ཞིག་གིས། རྒྱ་གཞུང་གིས་ཐོག་མར་རྒྱ་ནག་རང་གི་ལོ་རྒྱུས་ཀྱི་མགོ་བཙུགས་ས་ནས་བསམ་ཞིབ་བྱས་ཏེ་བོད་དོན་ཐག་གཅོད་བྱེད་ཐབས་ཤིག་འཚོལ་སྙེག་བྱེད་དགོས་པ་རེད་ཅེས་ནན་གྱིས་བརྗོད་འདུག

གནད་དོན་འདིའི་ཐོག་ང་ཚོས་ཧོང་ཀོང་གི་ཐག་གཅོད་བྱེད་སྟངས་ལ་སློབ་སྦྱོང་བྱེད་དགོས།
ཧོང་ཀོང་ནང་དབྱིན་ཇིའི་བདག་དབང་མཇུག་རྫོགས་རྗེས་ཕྱི་ལོ་༡༩༩༧ལོར་ཧོང་ཀོང་རྒྱ་ནག་ཏུ་ཕྱིར་ལོག་བྱས་ཡོད་ཀྱང༌། ཧོང་ཀོང་གི་སྤྱི་ཚོགས་བརྟན་འཇགས་དང་དཔལ་འབྱོར་སྟོབས་ཤུགས་སོགས་སྲུང་འཛིན་བྱེད་པའི་ཆེད་དུ་སོ་སོའི་བདག་དབང་རང་བཞིན་དང་མ་རྩ་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཛིན་བྱས་ཏེ། དུས་ད་ལྟའང་རྒྱ་ནག་གི་སྒེར་གཅོད་ལམ་ལུགས་འོག་ཡོད་པའི་ཆ་ཤས་ཤིག་ཆགས་ཡོད་པ་མ་རེད།

ཡང་མལ་ཁོམ་ལགས་ཀྱིས་ཧོང་ཀོང་གིས་རྩ་ཁྲིམས་དང་གསར་འགྱུར་བརྒྱུད་ལམ་གྱི་རང་དབང་སོགས་ཀྱི་ཐད་རྒྱ་ནག་ནང་ལོག་དང་མི་འདྲ་བར་མིང་དོན་དང་མཚུངས་བའི་རང་སྲིད་རང་སྐྱོང་ཞིག་ལོངས་སུ་སྤྱོད་བཞིན་ཡོད་པ་རེད། བྱེད་ཐབས་དེ་བོད་ཀྱི་ཐོག་བེད་སྤྱོད་གཏོང་ཆོག་ཆོག་རེད། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་གི་རང་དབང་དང་ཆབ་སྲིད་རང་སྐྱོང་གི་གནས་བབ་དེ་ཧ་ཅང་ཚབས་ཆེན་པོས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་ལ། དུས་ནམ་ཡིན་ཡང་རྒྱ་ནག་གི་གནད་དོན་དེ་རྒྱ་ནག་རང་གིས་ཐག་གཅོད་བྱེད་ཐབས་ལ་བརྟེན་ན་ཡག་ཤོས་རེད་ཅེས་བརྗོད་འདུག

༧ཏཱ་ལའི་བླ་མ་མཆོག་དང་བཀའ་བློན་ཁྲི་པས་ཁོ་ཚོས་གཉིས་ཕན་དབུ་མའི་ལམ་གྱི་ལྟ་གྲུབ་བཟུང་ནས་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་རྩོད་ཀྱི་ཡོད་པ་ལས་བོད་རང་བཙན་རྩོད་ཀྱི་མེད་ཅེས་ཧ་ཅང་གསལ་བོ་གསུངས་དང་གསུང་བཞིན་པ་རེད། དེའི་ཕྱིར་རྒྱ་ནག་གིས་གོ་སྐབས་འདི་དམ་འཛིན་གྱིས་གཉིས་ཕན་གྱི་ཐག་གཅོད་ཅིག་བྱ་རྒྱུ་གལ་གནད་དུ་གྱུར་ཡོད་པ་རེད། ཧོང་ཀོང་ལ་སྤྱད་པའི་ཐག་གཅོད་བྱེད་ཐབས་དེ་བོད་ཀྱི་ཐོག་བེད་སྤྱོད་གཏོང་ཐུབ་པ་ཡིན་ན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་སྐྱོ་བོ་མཇུག་བསྡུ་ཐུབ་པ་མ་ཟད། རྒྱ་ནག་ལ་མཚོན་ནའང༌། འཛམ་གླིང་ཧྲིལ་པོས་གུས་བཀུར་འཐོབ་འོས་པའི་མིང་དོན་མཚུངས་བའི་སྟོབས་འབྱོར་དང་དཔལ་ཡོན་ལྡན་པའི་རྒྱལ་ཁབ་ཆེན་པོ་ཞིག་ཏུ་འགྱུར་བར་བགྲོད་ལམ་བསྐྲུན་ཡོད་པ་རེད།

རྩོམ་པ་པོ་སེམ་དང་བོད་སྒྱུར་བ་པད་མ་མཚོ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།