choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


བོད་དུ་ཞི་རྒོལ་དང་བོད་མི་མང་པོ་ཞིག་འཛིན་བཟུང༌།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉའི་དྲ་བས་ཟླ་༣ཚེས་༡༦ཉིན་སྤེལ། ༡༩༥༩ལོར་བོད་མིའི་མི་མང་སྒེར་ལངས་ཆེན་མོ་བྱས་ནས་མི་༥༠དང་ྋགོང་ས་མཆོག་དང་བོད་མི་འབུམ་ཚོ་མང་པོ་བཙན་བྱོལ་དུ་འབྱོར་ནས་མི་ལོ་༥༠འཁོར་བའི་དུས་དྲན་ཁྱད་པར་ཅན་སྐབས་འདི་ནས་བོད་ཀྱི་མདོ་དབུས་ཁམས་གསུམ་དུ་རྒྱ་དམར་དམག་དཔུང་ཁྲི་ཚོ་མང་པོ་གང་སར་འགྲེམས་འཇོག་གིས་གཞིས་ལུས་སྤུན་ཟླ་རྣམས་ལ་དྲག་གནོན་དང་འཛིན་བཟུང༌། བཙོན་འཇུག་དང་རྡུང་རྡེག ཉེས་མེད་ཁྲིམས་ཆད་བཏང་བ་སོགས་མྱལ་བ་མི་ཡུལ་དུ་སླེབས་པ་ལྟ་བུའི་གནས་སྟངས་འོག་བོད་མི་རྣམས་ཀྱིས་དཔའ་ངར་ཞུམ་མེད་ངང་མུ་མཐུད་དགྲ་བོ་རྒྱ་དམར་ལ་ཞི་བའི་སྒོ་ནས་ངོ་རྒོལ་བར་མཚམས་མེད་པར་གནང་དང་གནང་བཞིན་ཡོད་པ་ལྟར་ཟླ་༣ཚེས་༡༠ཉིན་ནས་ད་བར་ཁམས་ལི་ཐང་དང་དཀར་མཛེས། ཨ་མདོའི་མངའ་བ་དང་མང་ར་བཅས་སུ་ངོ་རྒོལ་གནང་བར་བརྟེན་བོད་མི་མང་པོ་ཞིག་འཛིན་བཟུང་བྱས་ཡོད་པ་རེད། དེ་ཡང་ཕྱི་ལོ་༢༠༠༩ཟླ་༣ཚེས་༡༢ཉིན་དཀར་མཛེས་ས་ཁུལ་ཉག་རོང་རྫོང་དུ་གནས་ཡུལ་བོད་མི་ཁག་གཅིག་ནས་ངོ་རྒོལ་སྐད་འབོད་དང་ཡིག་ཆ་འགྲེམས་གཏོར་བྱས་པའི་གནས་ཚུལ་ཐོན་འདུག

གནས་ཚུལ་དེ་དག་ཐོན་རྗེས་བོད་མི་གསུམ་ཙམ་འཛིན་བཟུང་བྱས་ཡོད་པའི་ཁྲོད་ནས་བོད་མི་གཅིག་ལ་སྤྱི་བདེ་ཉེན་རྟོག་པས་ཉེས་རྡུང་ཚབས་ཆེ་བཏང་སྟེ་རྐང་པ་བཅགས་ཡོད་པའི་གནས་ཚུལ་ཐོན་འདུག ཉག་རོང་རྫོང་ཁོངས་སུ་ཟླ་འདྀའི་ཚེས་ ༡༢ གོང་གཞུང་གི་ལས་ཁུངས་ཁག་གི་མདུན་དུ་བོད་རང་བཙན་གྱི་སྦྱར་ཡིག་འགྲེམས་སྦྱར་དང༌། སློབ་གྲྭ་ཞིག་གི་ནང་བོད་ཀྱི་རྒྱལ་དར་གསང་བའི་ཐོག་སྒྲེང་འཛུགས་ཀྱི་གནས་ཚུལ་ཐོན་པ་སོགས་ལ་བརྟེན་རྫོང་ཉེན་རྟོག་པས་ཚེས་ ༡༢ ཉིན་གྱི་དགོང་དྲོ་འཛིན་བཟུང་བྱས་པའི་བོད་མི་གསུམ་པོ་དེ་དག་ཁྲོམ་དཀྱིལ་དུ་ཁྲིད་དེ་ཁོང་ཚོའི་རོགས་པ་རྩིས་སྤྲོད་བྱེད་མཁན་བྱུང་ཚེ་དངུལ་གྱི་བྱ་དགའ་སྤྲོད་རྒྱུའི་གསལ་བསྒྲགས་བྱས་ཡོད་པའི་གནས་ཚུལ་ཐོན་བཞིན་ཡོད་པ་རེད།།

ཕྱི་ཟླ་༣ཚེས་༡༠ཉིན་དགུང་ཆུ་ཚོད་༡༡ཙམ་དུ་དགེ་འདུན་པ་ཞིག་ནས་ལི་ཐང་རྫོང་དུ་ཞི་བའི་སྐད་འབོད་བྱེད་སྐབས་རྒྱ་གཞུང་དྲག་ཆས་དམག་མིས་འཛིན་བཟུང་སྐབས་དམག་མི་དང་མི་མང་དབར་ཕར་འཐེན་ཚུར་འཐེན་བྱས་རྗེས་དགེ་འདུན་པ་དེ་འཛིན་བཟུང་བྱ་ཐུབ་ཡོད་མེད་ཀྱི་གནས་ཚུལ་ཁ་གསལ་གང་ཡང་མིན་འདུག

དེ་རྗེས་ཉིན་རྒྱབ་ཆུ་ཚོད་༣ཙམ་ལ་སླར་ཡང་དགེ་འདུན་པ་ཞིག་ནས་ལི་ཐང་རྫོང་དུ་ཞི་བའི་སྐད་འབོད་བྱས་མ་ཐག་འཛིན་བཟུང་བྱས་ཡོད་འདུག འཛིན་བཟུང་དུ་ཚུད་པའི་དགེ་འདུན་པ་དེའི་མིང་ལ་བློ་བཟང་དབང་ཕྱུག་ཟེར་ཞིང༌། ད་ལྟ་རང་ལོ་ ༢༩ ཙམ་ཡིན་ཅིང༌། ལི་ཐང་རྫོང་འབྲང་ལ་ཤང་དབྲ་བ་ཀླད་དཀར་མདོ་ནས་ཡིན་ཅིང༌། དགེ་འདུན་པ་དེ་གཉིས་ནི་ལི་ཐང་དགོན་ཆེན་གྱི་དགེ་འདུན་པ་ཡིན་བཟོ་འདུག་པ་ལས་ཞིབ་ཕྲའི་ལོ་རྒྱུས་ཁ་གསལ་མིན་འདུག །

ཕྱི་ལོ་ ༢༠༠༩ ཕྱི་ཟླ་ ༢ ཚེས་ ༢༦ ཉིན་ནག་ཆུ་རྫོང་ཉི་མ་ཤང་མི་དམངས་སྲིད་གཞུང་གི་གཞུང་སྒོའི་གྱང་ལྡེབས་སུ་བོད་རང་བཙན་སྐོར་གྱི་ཡིག་ཆེན་ལྕགས་རྩི་སྔོན་པོས་གང་སར་བྲིས་པའི་གནས་ཚུལ་ཐོན་རྐྱེན་ད་ལྟ་ས་གནས་འབྲེལ་ཡོད་སྤྱི་བདེ་ཚན་པས་རྫོང་དང་ཐག་ཉེ་ཤོས་འབྲོང་ངུ་དགོན་པ་དང༌། རྟ་ན་དགོན་པའི་དགེ་འདུན་པ་བསྡུ་བསྐོང་གིས་ལག་པས་ཡི་གེ་འབྲི་བཅུག་སྟེ་ཡིག་གཟུགས་ལ་ཞིབ་འཇུག་བྱེད་བཞིན་ཡོད་པ་མ་ཟད། ས་གནས་སུ་དམ་དྲག་ཆེན་པོ་བྱས་ཏེ་སྦྱར་ཡིག་འབྲི་མཁན་སུ་ཡིན་མིན་བརྩད་གཅོད་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག །

ཕྱི་ལོ་ ༢༠༠༩ ཕྱི་ཟླ་ ༣ ཚེས་ ༥ སྔ་དྲོ་བོད་ནང་གི་ཆུ་ཚོད་ ༡༠།༢༠ ཙམ་ལ་དཀར་མཛེས་རྫོང་སེ་ངོ་ཤང་ཞི་ལུ་མདའ་གྲོང་ཚོ་ནས་ཡིན་པའི་བཙུན་མ་པདྨ་དབྱངས་མཚོ་ནས་དཀར་མཛེས་རྫོང་དུ་ཞི་བའི་ངོ་རྒོལ་བྱས་པར་བརྟེན་རྫོང་འབྲེལ་ཡོད་སྤྱི་བདེ་ཚན་པས་འཛིན་བཟུང་བྱས་ཡོད་པ་དང༌།

ཡང་ཉིན་དེ་རང་གི་ཕྱེད་ཡོལ་ཆུ་ཚོད་ ༡ ཙམ་ལ་རང་ལོ་ ༡༥ སོན་པའི་སློབ་མ་རིན་ཆེན་ཕུན་ཚོགས་དང༌། རང་ལོ་ ༡༨ དུ་སོན་པ་གྲྭ་ཆོས་ཉིད་རྒྱ་མཚོ། རང་ལོ་ ༡༦ སོན་པ་སློབ་མ་ཚེ་རིང་གྲགས་པ་བཅས་ནས་དཀར་མཛེས་རྫོང་དུ་ཞི་བའི་ངོ་རྒོལ་དང་ཡིག་རིགས་འགྲེམས་གཏོར་བྱས་རྗེས་ས་གནས་འབྲེལ་ཡོད་སྤྱི་བདེ་ཚན་པས་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་འདུག

བོད་རིགས་ལས་བྱེད་བཀྲ་ཤིས་དོན་འགྲུབ་འཛིན་བཟུང་བྱས་པ་དང་བསྟུན་ཏེ། ཟི་ལིང་དུ་སློབ་གཉེར་བྱེད་བཞིན་པའི་ཁོང་གི་གཅུང་པོའང་གར་སོང་ཆ་མེད་དུ་གྱུར་ཡོད་འདུག

ཕྱི་ཚེས་༡༢ ཉིན་མདོ་སྨད་མང་ར་རྫོང་སུམ་མདོ་ཞང་གི་ལས་བྱེད་བཀྲ་ཤིས་དོན་འགྲུབ་འཛིན་བཟུང་བྱས་པ་དང་བསྟུན་ཏེ། ཟི་ལིང་དུ་སློབ་གཉེར་བྱེད་བཞིན་པའི་ཁོང་གི་གཅུང་པོ་རང་ལོ་༢༥ཡིན་པ་མིང་ལ་སྦྱིན་པ་རྒྱལ་མཚོ་ཞུ་བའང་གར་སོང་ཆ་མེད་དུ་གྱུར་ཡོད་འདུག་ལ། བཀྲ་ཤིས་དོན་འགྲུབ་ལགས་ད་ལྟ་མང་ར་རྫོང་སྤྱི་བདེ་ལྟ་སྲུང་ཁང་དུ་བཀག་ཉར་བྱས་ཡོད་པ་དང༌། ཤུལ་དུ་ཁོང་གི་བཟའ་ཟླ་རིན་ཆེན་འཚོ་དང༌། བུ་མོ་ཆུང་ཆུང་ལོ་༥ཅན་ཞིག་དང་ལོ་ ༣ ཅན་ཞིག་བཅས་ལྷག་ཡོད་འདུག

མང་ར་ཀླུ་ཚང་དགོན་དུ་རྒྱ་གཞུང་ལ་ངོ་རྒོལ་གྱི་དོན་རྐྱེན་བསྟུད་མུར་བྱུང་བའི་རྐྱེན་གྱིས་ཉིན་འདི་འགར་མང་ར་རྫོང་གཙོས་པའི་སུམ་མདོ་ཞང་དང་ཐར་ཤུལ་ཞང༌། མགོ་མང་ཞང་སོགས་སུ་མི་སེར་དཀྱུས་མའི་ཆས་གྱོན་པའི་དམག་མི་དང་གསང་མྱུལ་བ་མང་པོ་འགྲེམས་འཇོག་བྱས་ཡོད་འདུག

གསུམ་བཅུའི་དུས་དྲན་གྱི་སྔོན་དང་རྗེས་སུ་བོད་ཀྱི་ས་གནས་གང་སར་བོད་མི་ཚོར་དྲག་གནོན་ཆེད་རྒྱ་དམར་གྱི་དམག་དཔུང་འབོར་ཆེན་འགྲེམས་འཇོག་བྱས་ཡོད་པ་དང་བོད་མི་རྣམས་ཧ་ཅང་གི་དཀའ་ངལ་དང་སེམས་སྡུག་ཆེན་པོ་འོག་གནས་ཡོད་ཅིང༌། བོད་ཀྱི་རྒྱལ་ས་ལྷ་སར་དམག་དཔུང་ཁྲི་ཚོ་མང་པོ་འགྲེམས་འཇོག་གིས་ལམ་མདོ་ཡོངས་སུ་བཀག་འདོམས་བྱེདབཞིན་ཡོད་པ་དང༌། དེ་བཞིན་བོད་ཀྱི་མདོ་སྨད་ས་ཁུལ་ཁག་ཏུའང་གཅིག་མཚུངས་ཀྱི་དྲག་གནོན་བྱེད་བཞིན་ཡོད་པ་དང༌། ལྷག་པར་དུ་ཁམས་ལི་ཐང་དུ་དམག་དཔུང་༢༠༠༠༠བར་སྤར་སྣོན་བྱས་ཏེ་ཧ་ཅང་ཛ་དྲག་གི་གནས་སྟངས་འོག་ཡོད་པ་རེད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།