ཡོ་རོབ་གྲོས་ཚོགས་དང་ཨ་རི་གཉིས་ནས་བོད་དོན་ཐད་གྲོས་ཆོད་བཞག་པ།
མཐའ་མའི་བསྐྱར་བཅོས། (༡༨༢༠༠༩༠༣༢༧)
ཤམ་བྷ་ལའི་ཕོ་ཉའི་དྲ་བས་ཟླ་༣ཚེས༡༣ཉིན་སྤེལ། ཟླ་༣ཚེས་༡༢རེས་གཟའ་ཕུར་བུའི་ཉིན་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་ཚོས་བོད་ལ་ཚད་མཐོའི་རང་སྐྱོང་གི་གནས་འབབ་སྤྲོད་རྒྱུར་ྋགོང་ས་མཆོག་གི་སྐུ་ཚབ་ལྷན་དུ་བསྐྱར་དུ་གྲོས་མོལ་སྒོ་མོ་འབྱེད་དགོས་པའི་སྐོར་རྒྱ་ནག་གཞུང་ལ་ཛ་དྲག་གི་འབོད་སྐུལ་གནང་ཡོད་པ་དང་ཚེས་༡༡རེས་གཟའ་ལྷག་པའི་ཉིན་ཨ་རིའི་གྲོས་ཚོགས་འོག་མས་དེ་བཞིན་བོད་དོན་ཐད་གྲོས་ཆོད་ཅིག་བཞག་སྟེ་བོད་ནང་དུ་བོད་མི་ཚོར་རྒྱ་གཞུང་གིས་མནར་གཅོད་དང་དྲག་གནོན་བྱེད་བཞིན་པར་མཚམས་འཇོག་དགོས་ལུགས་འབོད་སྐུལ་གནང་ཡོད་པ་རེད།
དེ་ཡང་༡༩༥༩ལོར་རྒྱ་ནག་གཞུང་གིས་དམག་དཔུང་བཏང་སྟེ་བོད་དུ་བཙན་འཛུལ་བྱས་ཏེ་ད་བར་མི་ལོ་༥༠ཧྲིལ་པོར་འཁོར་བའི་དྲན་གསོ་དུས་དྲན་སྲུང་བརྩི་ཞུ་བའི་ཆེད་དུ་ཡོ་རོབ་གྲོས་ཚོགས་ཀྱིས་ཚེས་༡༢ཉིན་བོད་དོན་ཐོག་གྲོས་མཆོད་ཞིག་བཞག་གནང་ཡོད་ཅིང༌། དེའི་ནང་དུ་༢༠༠༨ལོའི་་ཕྱི་ཟླ་༡༡པའི་ནང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་རྒྱ་ནག་གི་དཔོན་རིགས་བར་གྱི་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་རྣམ་གཉིས་ཀྱིས་བོད་མི་མང་ལ་ཚད་མཐོའི་རང་སྐྱོང་གི་གནས་འབབས་ཤིག་ཡོང་ཐབས་སྐོར་གྱི་བསམ་འཆར་གྱི་སྙན་ཞུ་ཕུལ་བ་དེའི་ཐོག་ལ་བསྐྱར་ཏུ་བསམ་གཞིགས་ནན་པོ་བྱ་དགོས་ལུགས་དང༌། རྒྱ་ནག་གཞུང་གིས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ལྷན་དུ་དོན་ཕན་སོན་པའི་པའི་གྲོས་མོལ་གྱི་སྒོ་མོ་ཕྱེ་དགོས་པའི་སྐོར་ཛ་དྲག་གི་འབོད་སྐུལ་གནང་ཡོད་པ་རེད།
ཡོ་རོབ་གྲོས་ཚོགས་ཀྱི་ལྷན་ཚོགས་དེ་བཞིན་ཕེ་རན་སིའི་གྲོང་ཁྱེར་སི་ཊ་སི་བྷག་ཏུ་བསྐོང་འཚོགས་གནང་ཡོད་པ་དང་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱི་ཚོགས་མི་རྒྱལ་ཁབ་༢༧ནས་བོད་ལ་ཚད་མཐོའི་རང་སྐྱོང་གི་གནས་བབས་སྤྲོད་རྒྱུར་རྒྱ་ནག་གཞུང་གིས་གྲོས་མོལ་འགོ་འཛུགས་བྱ་དགོས་པ་དང༌། ༢༠༠༨ལོར་བོད་ནང་གཞི་རྒྱ་ཆེ་བའི་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གྱི་ངོ་རྒོལ་གནང་བའི་སྐབས་འཛིན་བཟུང་བྱས་པའི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་གཏོང་དགོས་པ།ཕྱི་རྒྱལ་གྱི་གསར་འགོད་པ་དང་འགྲོ་བ་མིའི་ཐོབ་ཐང་ཐོག་ལྟ་རྟོགས་གནང་མཁན་རྣམས་རང་དབང་གི་ཐོག་ནས་བོད་དུ་འགྲོ་བསྐྱོད་ཆོག་པའི་ཐོབ་ཐང་སྤྲོད་དགོས་པའི་འབོད་སྐུལ་གནང་ཡོད་པ་དང༌། ཐེངས་འདིའི་བོད་དོན་ཐད་ལ་བཞག་པའི་གྲོས་མཆོད་དེར་ཡོ་རོབ་མཉམ་འབྲེལ་གྲོས་ཚོགས་ཀྱི་འཐུས་མི་༣༣༨ཀྱིས་རྒྱབ་སྐྱོར་གྱི་འོས་ཤོག་ཐོབ་ནས་བོད་དོན་གྱི་གྲོས་མཆོད་དེར་འཐུས་མི་གྲངས་མང་གི་རྒྱབ་སྐྱོར་ཐོབ་པ་ཞིག་ཆགས་ཀྱི་ཡོད་པ་རེད།
གཞན་ཡང་ཨ་རིའི་གྲོས་ཚོགས་འོག་མའི་ནང་དུ་ཚེས་༡༡ཉིན་རྒྱ་ནག་གཞུང་གིས་བོད་ནང་དུ་དྲག་པོའི་བཙན་གནོན་འཕྲལ་དུ་མཚམས་འཇོག་དགོས་རྒྱུའི་གྲོས་གཞི་བཏོན་གནང་བ་དང༌། གྲོས་གཞི་དེར་འཐུས་མི་༡མ་གཏོགས་སྤྱི་མོས་རྒྱབ་སྐྱོར་ཐོབ་ནས་གཏན་འབེབས་གྲོས་འཆམ་བྱུང་ཡོད་པ་རེད། དེར་བརྟེན་༡༡ཉིན་རྒྱ་ནག་གཞུང་གིས་ཨ་རིའི་གྲོས་ཚོགས་ནས་བོད་ཀྱི་གནད་དོན་ཐོག་གྲོས་ཆོད་འཇོག་གནང་རྒྱུ་ཡིན་པར་ཨ་རི་གཞུང་ལ་ངོ་རྒོལ་གྱི་རྣམ་འགྱུར་ཆེན་པོ་བཏོན་ཡོད་པ་དང་ཨ་རིས་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱེད་བཞིན་ཡོད་ཚུལརྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པས་སྐྱོན་བརྗོད་བྱས་ཡོད་པ་རེད།
ཡང་རྒྱ་ནག་གཞུང་གིས། ཨ་རིའི་གྲོས་ཚོགས་འོག་མས་བོད་དོན་ཐོག་གྲོས་ཆོད་དེ་ནི་དོན་དངོས་དང་མི་མཐུན་ཞིང༌། རྒྱ་ནག་གི་མི་རིགས་དང་ཆོས་ལུགས་ཀྱི་སྲིད་ཇུས་ལ་གང་བྱུང་སྐྱོན་བརྗོད་བྱས་པ་ཞིག་ཡིན་པ་མ་ཟད། ཏཱ་ལའི་བླ་མས་ལོ་མང་རིང་རྒྱ་ནག་ཁ་བྲལ་གྱི་ལས་དོན་སྤེལ་ཡོད་པར་བསྔགས་བརྗོད་བྱས་པ་ཞིག་ཡིན་པར་བརྟེན། གྲོས་ཆོད་དེ་ནི་རྒྱལ་སྤྱིའི་འབྲེལ་ལམ་གྱི་གཞི་རྩའི་ལམ་ཕྱོགས་དང་ཡོངས་སུ་རྒྱབ་བརྒལ་ཕྱིན་ཡོད་ལུགས་དང༌། ཨ་རིའི་གྲོས་ཚོགས་འོག་མའི་བྱ་སྤྱོད་དེས་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱས་པ་ཞིག་ཡིན་པས་རྒྱ་ནག་གཞུང་དང་མི་མང་གིས་དེར་ངོ་རྒོལ་མཐའ་ཅིག་ཏུ་བྱ་རྒྱུ་ཡིན་ལུགས་སོགས་སྐྱོན་བརྗོད་བྱས་ཡོད་པ་རེད།
དེ་བཞིན་ཟླ་༣ཚེས་༡༢གཟའ་ལྷག་པའི་ཉིན་ཨ་རིའི་སྲིད་འཛིན་ཕོ་བྲང་དང་ཕྱི་སྲིད་ལས་ཁང་གཉིས་ཀྱིས་ཀྱང་གསལ་བསྒྲགས་སྤེལ་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནད་དོན་ཐོག་དོ་སྣང་གནང་བཞིན་པ་དང་རྒྱ་ནག་གཞུང་གིས་ྋགོང་ས་མཆོག་དང་བཀའ་མོལ་སླར་གསོ་དགོས་པའི་འབོད་སྐུལ་ཞུས་ཡོད་པའི་ཐོག་ལ་ཡང་རྒྱ་ནག་གཞུང་གིས་བསྐྱོན་བརྗོད་ལན་འདེབས་བྱས་ཡོད་པ་མ་ཟད། ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་གིས་ཀྱང་ཨ་རི་གཞུང་གིས་འཛམ་གླིང་ཁྱོན་ཡོངས་སུ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་པ་ལྟར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐུགས་འཚབ་ཡོད་ལུགས་སོགས་གསུངས་ཡོད་པ་རེད།།