གསར་འགྱུར་གསར་པ།:

དགོངས་ཚུལ།

{ལྷག་དཀར་}ཞི་བའི་ལས་འགུལ་སྐོར་གྱི་བརྡ་འཕྲིན་ཐུང་ངུ༌།

ཤམ་བྷ་ལའི་ཕོ་ཉ་དྲ་བས་ཟླ་༠༢་ཚེས་༢་༥ཉིན་སྤེལ། ༡༽ {ལྷག་དཀར་}ཞི་བའི་ལས་འགུལ་ཞེས་པ་ནི་གཞིས་ལུས་བོད་མི་སྐོར་ཞིག་གིས་ཉིན་རེའི་འཚོ་བ་དངོས་དང་འབྲེལ་བའི་རིག་གཞུང་ངམ་སྲོལ་རྒྱུན་གྱི་རྣམ་པ་མང་པོ་ཞིག་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་གཏོང་ཐབས་སུ་ཆེད་དུ་རྩ་འཛུགས་བྱས་པའི་མང་ཚོགས་རང་བཞིན་གྱི་ཞི་བའི་ལས་འགུལ་ཞིག་རེད། {ལྷག་དཀར་}ཞེས་པ་དེ་ལྷག་པ་དཀར་པོ་ཞེས་པའི་བསྡུས་ཚིག་རེད་ལ། ཆེད་དུ་གཟའ་བདུན་གྱི་ནང་ནས་ལྷག་པ་གདམས་དགོས་པའི་རྒྱུ་མཚན་ནི་ྋབོད་གངས་ཅན་གྱི་རྩ་བའི་བླ་མ་ྋརྒྱལ་དབང་ཡིད་བཞིན་ནོར་བུའི་བླ་གཟའ་ཡིན་སྟབས་བོད་སྤྱི་ཡོངས་ནས་ཁོང་གི་བླ་གཟའ་འདི་ལ་གཞན་དང་མ་འདྲ་བའི་རྩ་ཆེན་དང་ཡག་པོ་ཞིག་ལ་བརྩི་སྲོལ་ཡོད་པས་ཡིན་ཞིང༌། དཀར་པོ་ཞེས་པ་ཡང་དག་པ། དྲི་མས་མ་གོས་པ། དྲང་བདེན་སོགས་ཀྱི་མཚོན་རྟགས་ཞིག་ལ་ངོས་འཛིན་བྱེད་པའི་འདུ་ཤེས་ཡོད་པ་དེས་ཆ་ནས་འདི་ལྟར་ལྷག་པ་དཀར་པོའམ་ལྷག་དཀར་ཞེས་བཏགས་པ་ཡིན་ཟེར།

༢༽ ལས་འགུལ་གྱི་ངོ་བོ་ནི་བདུན་ཕྲག་རེའི་ནང་གི་གཟའ་ལྷག་པའི་ཉིན་གྱི་འགྲོ་འདུག་སྤྱོད་གསུམ་གྱི་འཚོ་བ་དེ་བོད་རང་གི་རིག་གཞུང་དང་ཁ་མ་བྲལ་བ་ཞིག་དང༌། ཡུལ་སྲོལ་གོམ་གཤིས་སོགས་ཉི་མ་རེ་རེའི་འཚོ་བ་དངོས་དང་འབྲེལ་བསྡད་པའི་ཡ་རབས་བཟང་པོའི་རིག་གཞུང་གི་ཆ་གཏོགས་ཐམས་ཅད་དྲན་གསོ་དང་ལེགས་བཅོས་གོང་འཕེལ་གཏོང་རྒྱུ་བཅས་སུ་དམིགས་ཏེ། དཔེར་ན་བོད་རང་གི་ཕ་མེས་ནས་བརྒྱུད་པའི་རྩམ་པ་ལ་སོགས་པ་བོད་ཀྱི་བཟའ་བཏུང་ཁོ་ན་སྤྱོད་པ། ཕྱུ་བ་ལ་སོགས་པའི་བོད་ཆས་གྱོན་པ། གཞན་སྐད་མ་འདྲེས་པའི་བོད་སྐད་གཙང་མ་བཤད་པ། བཅའ་ལག་ཉོ་ཚོང་གི་འབྲེལ་བ་བོད་པ་ནང་ཁུལ་ལ་བྱེད་པ། བྱ་ལས་གང་ཡང་རྒྱུ་འབྲས་དང་མཐུན་པར་ཧུར་བརྩོན་ཆེན་པོས་བསྒྲུབ་པ་སོགས་ཉིན་རེའི་འཚོ་བ་དངོས་དང་འབྲེལ་བ་དམ་ཟབ་ཡོད་པའི་རིག་གཞུང་གི་ཆ་མང་པོ་ཞིག་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་སྒོས་རྒྱུད་འཛིན་དང་ལེགས་བཅོས་ཀྱི་ནུས་པ་ལྡན་པའི་མང་ཚོགས་རང་བཞིན་གྱི་རིག་གཞུང་གི་བྱ་འགུལ་ཞིག་ཡིན་ཞེས་བརྗོད།

༣༽ ལས་འགུལ་འདི་འདྲ་ཞིག་སྤེལ་དགོས་པའི་རྒྱུ་མཚན་དང་དམིགས་ཡུལ་ནི་རྒྱ་ནག་གཞུང་གིས་ ༡༩༥༠ ཡས་མས་ནས་བཟུང་ད་བར་ལོ་ངོ་དྲུག་ཅུ་ཙམ་གྱི་རིང་དངོས་ཤུགས་རྒྱུད་གསུམ་ནས་བོད་ཀྱི་ཚེ་སྲོག་ལྟ་བུའི་རིག་གཞུང་འདི་ཉིད་བོད་མི་མང་གི་འཚོ་བ་དང་རྒྱང་ཐག་རིང་དུ་བཏང་སྟེ་ཉམས་རྒུད་དང་རྩ་མེད་བཟོ་བའི་སྲིད་བྱུས་སྣ་ཚོགས་སྤེལ་དང་སྤེལ་བཞིན་པའི་ཛ་དྲག་གི་གནས་སྟངས་འདི་ལས་སྐྱོབ་ཆེད་དང༌། མདོ་དབུས་ཁམས་གསུམ་གྱི་བོད་མི་ཚང་མ་འཕྲེང་ཐག་ཆད་པ་ལྟར་ཁ་ཐོར་ཡ་ཐོར་དུ་མི་འགྲོ་བའི་འབྲེལ་ཐག་ཉག་གཅིག་ནི། སྐད་དང་ཡི་གེ། དད་མོས་དང་གོམ་གཤིས། ཆས་གོས་ཆ་ལུགས་ཡུལ་སྲོལ་སོགས་མང་ཚོགས་རང་བཞིན་གྱི་རིག་གཞུང་གི་རྣམ་པ་འདི་རིགས་ཡིན་སྟབས། མདོ་དབུས་ཁམས་གསུམ་གྱི་བོད་རིགས་སྤུན་ཟླ་ཚང་མ་ནམ་ཡང་‘‘སྐྱིད་སྡུག་མཉམ་མྱོང་''དང་རྡོག་རྩ་གཅིག་སྒྲིལ་ཡོང་བའི་ཆེད་དུ་ཡིན་ཞེས་བརྗོད།

༤༽ འདི་ལྟར་ལས་འགུལ་འདི་ཡོངས་ཁྱབ་གསལ་བསྒྲགས་བྱེད་དགོས་པའི་དམིགས་ཡུལ་དང་རེ་བ་ནི། ལས་འགུལ་སྤེལ་མཁན་རང་ཉིད་ལ་ཛ་དྲག་གི་གཉེན་ཁ་ཆུང་ཞིང༌། སྟབས་བདེ་ལ་ནུས་པ་ཆེ་བའི་{ལྷག་དཀར་}ཞི་བའི་ལས་འགུལ་འདི་ཉིད་མདོ་དབུས་ཁམས་གསུམ་གྱི་བོད་མི་ཚང་མས་གཅིག་གྱུར་གྱིས་དང་དུ་བླངས་ཏེ། བོད་ས་ཡོངས་ནས་{ལྷག་དཀར་}འདི་ལ་ངོས་འཛིན་གཅིག་གྱུར་དང་བསམ་པ་གཅིག་མཐུན་གྱིས་རང་ཉིད་ཀྱི་ཉིན་རེའི་འཚོ་བ་བོད་མི་རིགས་ཀྱི་ངོ་བོ་དང་རིག་གཞུང་གི་རྣམ་པས་ཡོངས་སུ་ཕྱུག་ཅིང༌། བོད་མི་ཕན་ཚུན་ཡིད་ཆེས་དང་མཛའ་བཤེས་ཀྱིས་འཚོ་བའི་རེ་བ་ཞིག་གིས་བོད་བཙན་པོའི་གཞིས་ཀ་སྲུང་བའི་ཉམ་ཆུང་གི་མི་བུ་སྐོར་ཞིག་གིས་ཆེད་དུ་གངས་ཅན་བོད་ཡུལ་ནས། སྤྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༡༥ ཉིན།

བཞུགས་སྒར་ཀིརྟི་བྱེས་པ་གྲྭ་ཚང་ཛ་དྲག་འབྲེལ་མཐུད་ཚོགས་ཆུང་གིས་བཏང་བ་ལྟར་ཕུལ། སྨོན་མིང་པས་ ༢༠༠༩།༢།༢༤ ལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།