རྒྱ་གཞུང་གིས་ཁམས་ལི་ཐང་རྫོང་དུ་བོད་མི་༢༢འཇུ་བཟུང་བྱས་ཡོད་པ།
མཐའ་མའི་བསྐྱར་བཅོས། (༢༣༢༠༠༩༡༩༤༣)
ཤམ་བྷ་ལའི་ཕོ་ཉ་དྲ་བས་ཟླ་༠༢་ཚེས་༡༦ཉིན་སྤེལ། ལི་ཐང་རྫོང་དུ་བློ་བཟང་ལྷུན་གྲུབ་ལགས་ཀྱིས་བོད་རང་བཙན་གཙང་མ་ཡིན། ྋརྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག། བོད་ཡུལ་དམྱལ་ཁམས་ལ་བོད་ཀྱི་ལོ་གསར་མེད། ྋགོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་ཞེས་སྐད་འབོད་བརྒྱབ་པ་དང་སྐབས་དེར་མི་མང་པོ་ཞིག་ནས་རྒྱབ་སྐྱོར་གྱི་རྣམ་པ་བསྟན་སྐབས་རྒྱ་མིའི་དམག་མིས་ཁོང་འཛིན་བཟུང་བྱས་ཤིང་མི་མང་རྣམས་མཐར་སྤྲོད་བཏང་ཡོད་པ་རེད།
བློ་བཟང་ལྷུན་གྲུབ་ལགས་རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བྱས་རྗེས་ནང་མི་ཚོས་ཐུག་འཕྲད་བྱེད་རྒྱུར་ཐབས་ཤེས་བཏང་ཡོད་ཀྱང་རྒྱ་གཞུང་གིས་ཐུག་འཕྲད་བྱེད་བཅུག་མེད་པ་དང༌། ཁུལ་དེའི་བོད་མི་གནས་ཚུལ་དེ་མཐོང་མཁན་མི་ཚོས་འགྲེལ་བརྗོད་བྱས་པ་གཞིགས་ན་ཁོང་བཙོན་ཁང་དུ་ཉེས་རྡུང་དང་མནར་གཅོད་ཚད་མེད་བཏང་རྗེས་གོག་ནུར་བྱེད་ཐུབ་པ་ཙམ་ལས་ཡར་ལངས་ནས་འགྲོ་ཐུབ་ཀྱི་མེད་པའི་སྐོར་གནས་ཚུལ་འགྲེལ་བརྗོད་གནང་ཡོད་པ་རེད།
ཁོང་གི་ཕ་མིང་ལ་ཀུན་མཁྱེན་དང་ཨ་མའི་མིང་ལ་བློ་བཟང་སྒྲོལ་མ་ཟེར་ཞིང༌། བློ་བཟང་ལྷུན་གྲུབ་ལགས་ད་ལྟ་རང་ལོ་༣༨ལ་ཕེབས་པའི་དགེ་སློང་ཞིག་ཡིན་པ་དང༌། དེ་ཡང་ཁོང་གིས་ཉིན་ཤས་སྔོན་གྲོགས་པོ་རྣམས་ལ་ད་ལྟ་ངོས་ནས་སེམས་ཐག་གཙང་བཅད་ཀྱིས་ལས་ཀ་ཞིག་བྱེད་རྒྱུ་ཡིན། སྐབས་དེར་རྒྱ་མིའི་དམག་མིས་ང་གང་འདྲ་བྱས་ནས་བསད་ཀྱི་ཡོད་པ་དང་བཏུབ་ཀྱི་ཡོད་པ་ཁྱོད་རང་ཚོས་མཐོང་དགོས་ཀྱི་རེད་ལ། གང་མཐོང་བ་དེ་གཞན་ལ་བཤད་དགོས་ཀྱི་རེད་ཅེས་སྐུལ་མངགས་ལྟ་དུ་གནང་ཡོད་པ་རེད།
དེར་བརྟེན་ཟླ་བ་༠༢ཚེས་༡༦ཉིན་ཁོང་གི་སྤུན་མཆེད་རང་ལོ་༢༩ལ་སླེབས་པའི་བསོད་ནམ་བསྟན་འཛིན་ལགས་ཀྱིས་ཕྱག་ཏུ་ྋགོང་ས་མཆོག་གི་སྐུ་པར་བསྣམས་ནས་སྣེ་འཁྲིད་འོག་བོད་མི་གཞན་༦༠ནས་༧༠ལྷག་ནས་དུས་ཡུན་གང་འཚམས་རིང་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་གནང་ཡོད་པ་དང༌། དེ་རྗེས་རྒྱ་ནག་གི་སྤྱི་བདེ་ཉེན་རྟོག་པ་དང་་དམག་དཔུང་བཏང་སྟེ་བོད་མི་༢༢འཛིན་བཟུང་བྱས་རྗེས་ཉེས་རྡུང་ཚད་མེད་བཏང་སྟེ་དམག་མིའི་དྲག་འཁོར་ནང་བླུགས་ཏེ་བཙན་འཁྲིད་བྱས་ཡོད་སྐོར་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་དགེ་ཟླ་བ་ལགས་ཀྱིས་འདི་གའི་གསར་ཁང་ལ་འགྲེལ་བརྗོད་གནང་སོང༌།
བསོད་ནམ་བསྟན་འཛིན་ལགས་ཀྱིས་ྋརྒྱལ་བ་རིན་པོ་ཆེ་སྐུ་ཚེ་བརྟན་པར་ཤོག་ཅེས་ལི་ཐང་ཁྲོམ་གཞུང་ནས་གང་འཚམས་བར་སྐད་འབོད་རྒྱག་བཞིན་ཉིན་དེའི་ཞི་བའི་ལས་འགུལ་དེ་འགོ་འཛུགས་བྱས་ཡོད་པ་དང༌། བློ་བཟང་ལྷུན་གྲུབ་ལགས་དང་འབོད་སྒྲ་གཅིག་མཚུངས་འཛིན་བཟུང་བྱས་ཟིན་པའི་བོད་མི་༡༥དེ་དག་གིས་ཀྱང་ྋརྒྱལ་བ་རིན་པོ་ཆེ་སྐུ་ཚེ་བརྟན་པར་ཤོག ྋརྒྱལ་བ་རིན་པོ་ཆེ་བོད་ལ་མྱུར་དུ་ཕེབས་རོགས་གནང༌། བོད་རང་བཙན་གཙང་མ་ཡིན། འདི་ལོའི་ལོ་གསར་གཏོང་མི་ཉན་པ་དང༌། གཏོང་མཁན་ཡོད་ན་ངོ་ཚ་རྒྱུ་མེད་པ་ཞིག་རེད་ཅེས་སོགས་ཞི་བའི་སྐད་འབོད་ཤུགས་ཆེན་བྱས་ཡོད་པ་རེད།
༡ བསོད་ནམ་བསྟན་འཛིན་ལགས་དང་ལྷན་དུ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་ནང་བཞུགས་མཁན་གྲས་སུ།
༢ རང་ལོ་༣༠ལ་སོན་པ་བྱམས་པ་ཐོགས་མེད་ལགས་དང༌།
༣ རང་ལོ་༢༦ལ་སོན་པའི་དགེ་ལེགས་ཀུན་དགའ་ལགས།
༤ རང་ལོ་༢༣ལ་སོན་པའི་བློ་བཟང་བསྟན་འཛིན་ལགས།
༥ རང་ལོ་༣༧ལ་སོན་པའི་བློ་བཟང་ཕན་བདེ་ལགས།
༦ རང་ལོ་༣༠ལ་སོན་པའི་བྱམས་པ་ཡོན་ཏན་ལགས།
༧ རང་ལོ་༢༩ལ་སོན་པའི་སངས་རྒྱས་ལགས།
༨ རང་ལོ་༢༨ལ་སོན་པའི་བྱམས་པ་ཚེ་རིང་ལགས།
༩ རང་ལོ་༣༠ལ་སོན་པའི་བློ་བཟང་དབང་ཕྱུག་ལགས།
༡༠ རང་ལོ་༢༡ལ་སོན་པ་བློ་བཟང་བཀྲིས་ལགས།
༡༡ རང་ལོ་༣༠ལ་སོན་པའི་དགེ་འདུན་ཆོས་འཕེལ་ལགས།
༡༢ རང་ལོ་༣༧ལ་སོན་པཔའི་དར་རྒྱས་ལགས།
༡༣ རང་ལོ་༢༩ལ་སོན་པའི་དགེ་འདུན་ལགས།
༡༤ རང་ལོ་༤༠བྱམས་པ་ལགས།
༡༥ རང་ལོ་༤༡ལ་སོན་པའི་ཨ་མདོ་རྒྱལ་མཚན་ལགས་བཅས་ཡིན་འདུག ཞི་བའི་ངོ་རྒོལ་གྱི་ལས་འགུལ་དེ་བྱུང་རྗེས་རྒྱ་ནག་གི་དཔོན་རིགས་ཚོས་ལི་ཐང་ནང་བདེ་སྲུང་དམ་དྲག་ཤུགས་ཇེ་ཆེར་བཏང་ཡོད་ལ། གཞན་ཡང་ལས་འགུལ་དེའི་ཁྲོད་དབྱངས་ལོ་དང་སྒྲོལ་མ་ཞུ་བའི་བུད་མེད་གཉིས་འཇུ་བཟུང་བྱས་ཡོད་ཀྱང་གློད་བསྐྲོལ་བཏང་ཡོད་པ་རེད། འོན་ཀྱང་ད་ལྟ་བསོད་ནམས་བསྟན་འཛིན་དང་བོད་མི་གཞན་ཞིག་མནར་གཅོད་དང་ཉེས་རྡུང་ཚད་མེད་འོག་འདས་གྲོངས་སུ་ཕྱིན་ཡོད་པའི་གནས་ཚུལ་འབྱུང་བཞིན་ཡོད་ནའང་གཏན་ཁེལ་མེད་པ་དང༌། ད་དུང་འཇུ་བཟུང་བྱས་པའི་བོད་མི་༢༢ནས་བོད་མི་༦གི་མཚན་དང་ལོ་ཚད་བཅས་ཀྱི་སྐོར་གསལ་ཁ་མེད་པ་རེད།