དགོངས་ཚུལ།

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


ལོ་གསར་ལ་ས་ཁུལ་མང་པོ་ཞིག་ཏུ་དཀར་སྐྱོང་སྤྱད་ཡོད་པ་རེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༢ཚེས་༨ཉིན། ད་ལོ་བོད་མདོ་སྨད་ཁུལ་ཡོངས་རྫོགས་དང་མདོ་སྟོད་ཀྱི་ས་ཁུལ་མང་པོ་ཞིག དེ་བཞིན་དབུས་གཙང་ཕྱོགས་ཀྱི་ས་ཁུལ་ཁ་ཤས་བཅས་ཀྱི་ལོ་གསར་དང་རྒྱའི་ལོ་གསར་གཉིས་དུས་མཉམ་དུ་ཁེལ་ཡོད་པར་བརྟེན། ཆོལ་གསུམ་གྱི་ལོ་གསར་དུས་མཉམ་དུ་གཏོང་དགོས་པའི་གླེང་སློང་བྱུང་ཏེ། ས་ཁུལ་མང་པོ་ནས་ལོ་གསར་མ་བཏང་བའི་གནས་ཚུལ་ཐོན་ཡོད་པའི་སྐོར་བཞུགས་སྒར་དྷ་ས་རུ་ཡོད་པའི་ཀིརྟི་དགོན་གྱི་དགེ་འདུན་པ་ཀ་ཉག་ཚེ་རིང་ལགས་སུ་བཅར་འདྲི་ཞུས་ཡོད།

ཁོང་གིས་ད་ལོའི་ལོ་གསར་གྱི་རྣམ་པ་དེ་ནམ་རྒྱུན་དང་མི་འདྲ་བའི་སྐོར་འགྲེལ་བརྗོད་གནང་དོན། སྤྱིའི་བཏང་དམིགས་བསལ་གྱིས་ལོ་གསར་མ་བཏང་བ་དེ་འདྲ་རང་མ་རེད། ཡིན་ནའང༌། ལོ་གསར་གཏོང་སྟངས་དེ་དགའ་དགའ་སྤྲོ་སྤྲོ་དང་འུར་འུར་ཟང་ཟིང་གི་རྣམ་པ་ཤུགས་ཆེན་པོ་མེད་པའི་ཐོག་ནས་བཏང་བ་ཞིག་རེད་འདུག རྒྱུན་ལྡན་གྱི་བོད་རང་གི་ལུགས་སྲོལ་ལྟར་ན། གཅིག་ནས་ལོ་གསར་ཚེས་གཅིག་གཉིས་གསུམ་ལ་ཁྱིམ་མཚེས་ཕན་ཚུན་བར་མགྲོན་འབོད་དང་གླུ་གར་ལ་རོལ་བ་སོགས་འུར་ཟིང་གི་རྣམ་པ་ཤུགས་ཆེན་པོ་ཡོད་པ་རེད། ཡིན་ནའང༌། ད་ལོ་དེ་འདྲ་གཅིག་ཀྱང་མི་འདུག་ཟེར་གྱི་འདུག

གཉིས་ནས་ལོ་གསར་ཚེས་གཅིག་གི་ཞོགས་པ་སྔ་མོར། བསང་གཏོང་བ་དང་ཤོག་སྦག་རྒྱག་པ་སོགས་ཀི་ཀི་སོ་སོ་བྱེད་པའི་ལུགས་སྲོལ་ཡོད་ཀྱང་ད་ལོ་དེ་འདྲའང་གཅིག་ཀྱང་མི་འདུག་ཟེར། ཡིན་ནའང༌། སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་ནས་བཀའ་སློབ་ཕེབས་ཡོད་པ་ལྟར། ན་ནིང་ལོར་ཚེས་༡ལ་དཀར་སྐྱོང་སྤྱད་ཡོད་པ་དང་། དེ་བཞིན་ད་ལོ་ཡང་རྔ་བ་རྫོང་དང་མཛོ་དགེ་རྫོང། དེ་མིན་འབར་ཁམས་སོགས་ས་ཁུལ་མང་པོ་ཞིག་ཏུའང་ཚེས་༡ཉིན་དཀར་སྐྱོང་སྤྱད་ཡོད་པ་རེད།

བོད་ཕྱི་ནང་གཉིས་ན་ཨ་མདོའི་ལོ་གསར་དེ་རྒྱའི་ལོ་གསར་ཡིན་ཚུལ་སོགས་གླེང་སློང་མང་པོ་བྱུང་བཞིན་ཡོད་པའི་སྐོར་ཁོང་གིས། སྤྱིར་ང་རང་རྩིས་ཀྱི་ཕྱོགས་ལ་རྒྱུས་མངའ་ཅི་ཡང་མེད་པས་གང་འདྲ་བྱས་ནས་ལུགས་གསར་དང་ལུགས་རྙིང་གཉིས་དུས་མཉམ་དུ་ཁེལ་གྱི་ཡོད་པ་གསལ་བོ་ཤེས་ཀྱི་མི་འདུག ཡིན་ནའང༌། སྐབས་རེར་ལུགས་གསར་དང་ལུགས་རྙིང་གཉིས་དུས་གཅིག་ཏུ་ཁེལ་གྱི་ཡོད་པ་མ་ཟད། དབུས་གཙང་གི་ལོ་གསར་ཡང་དེ་གཉིས་དང་དུས་གཅིག་ཏུ་ཁེལ་གྱི་འདུག ཡང་སྐབས་རེར་དེ་གསུམ་ཀ་དུས་ཐ་དད་དུ་ཁེལ་བ་སོགས་ཡོང་གི་འདུག

ད་ལོ་ལྟ་བུ་ཞིག་ཡིན་ན། ལུགས་གསར་དང་ལུགས་རྙིང་གཉིས་དུས་གཅིག་ཏུ་ཁེལ་ཡོད་པར་བརྟེན། མི་མང་པོ་ཞིག་གིས་ཨ་མདོའི་ལོ་གསར་དེ་བོད་སྤྱི་བའི་ལོ་གསར་དང་མི་མཚུངས་པར་རྒྱའི་ལོ་གསར་དང་མཉམ་དུ་གཏོང་གི་འདུག་ཚུལ་བརྗོད་ཀྱི་ཡོད་པ་རེད། ཡིན་ནའང༌། རྩིས་ཀྱི་འགྲོ་སྟངས་ཤིག་ཡིན་པ་ལས་དེ་འདྲའི་རང་རེད་མི་འདུག སྤྱིར་བཏང་ད་ལོ་དབྱར་དུས་ནས་ཨ་མདོའི་ལོ་གསར་དེ་དབུས་གཙང་གི་ལོ་གསར་དང་དུས་གཅིག་ཏུ་ཁེལ་བ་བྱས་སྟེ། ཟླ་ལྷག་གཅིག་གཏོང་དགོས་ཀྱི་འདུག་ཟེར་ནས་བསམ་འཆར་དང་གླེང་སློང་མང་པོ་བྱུང་ཡོད་ལ།  དགོན་པ་ཁག་ནས་ཇི་ལྟར་བྱས་ན་མི་མང་དེའི་རྗེས་སུ་འབྲང་གི་ཡོད་ཀྱང༌།  ཟླ་ལྷག་དེ་བཏང་བ་ཡིན་ན་དཀའ་ངལ་་ག་རེ་འདུག་ལབ་ན།  བོད་ཕྱི་ནང་གཉིས་གཅིག་པ་རེད།

ལོ་གསར་རྗེས་ཀྱི་བོད་ཚེས་༣ཙམ་ནས་སྨོན་ལམ་ཚོགས་མགོ་བཙུགས་སྟེ་ཉིན་གྲངས་བཅུ་ལྷག་ལ་ཚོགས་ཀྱི་ཡོད་པ་དང༌། དེའི་རྗེས་སུ་གར་འཆམ་པ་དང་བྱམས་པ་གླིང་སྐོར། གོས་སྐུ་ཆེན་མོ་སོགས་མི་ཚོགས་འབོར་ཆེན་འཛོམས་པའི་དུས་ཆེན་ཁག་གཅིག་ཡོད་པ་རེད། དེ་ཚོ་ཚང་མ་སུམ་བཅུའི་དུས་དྲན་དང་ཁེལ་འགྲོ་གི་ཡོད་དུས། རྒྱ་ནག་གཞུང་གིས་སྨོན་ལམ་ཚོགས་མ་བཅུག་པ་སོགས་ཀྱི་དཀའ་ངལ་ཞིག་རང་བཞིན་གྱིས་འཕྲད་ཀྱི་ཡོད། ན་ནིང་ལོའི་སྨོན་ལམ་ཆེན་མོ་དེ་ཡང་དུས་ཐོག་ཏུ་ཚོགས་མ་ཐུབ་པ་ལྟ་བུའི་དཀའ་ངལ་ཕྲད་མྱོང་ཡོད་པ་དང༌། ད་ལོ་འདྲ་བོ་ཡིན་ནའང་ཟླ་ལྷག་དེ་བཏང་བ་ཡིན་ན་དཀའ་ངལ་དེ་ཚོ་འཕྲད་རྒྱུ་ཡིན་པ་གསལ་བོ་རེད་འདུག ཡང་རྒྱ་གཞུང་ནས་ལོ་གསར་ཕྱིར་འགྱངས་བྱེད་མི་ཆོག་པའི་བཙན་བཀའ་བཏང་ཡོད་པ་རེད་ཟེར་བ་འདྲ་བོ་གོ་ཐོས་སོང༌། ཡིན་ནའང༌། དེ་ཚོ་བདེན་པ་ཡིན་མིན་མི་ཤེས། གང་ལྟར་ཟླ་གཅིག་གིས་ཕྱིར་འགྱངས་གནང་ཐུབ་མི་འདུག་ཅེས་བརྗོད་སོང༌།

ཡང་བོད་ལྗོངས་བརྙན་འཕྲིན་ཁང་དང་མཚོ་སྔོན་བརྙན་འཕྲིན་ཁང་སོགས་ནས་གླུ་གར་འཁྲབ་སྟོན་བྱས་སྟེ་ལོ་གསར་གྱི་དགའ་སྟོན་ལ་རོལ་བའི་རྣམ་པ་བསྟན་ཡོད་པའི་སྐོར་ལ། ཁོང་གིས་བོད་ལྗོངས་བརྙན་འཕྲིན་ཁང་གིས་གང་འདྲ་ཞིག་བསྟན་ཡོད་མེད་ལྟ་བའི་གོ་སྐབས་བྱུང་མ་སོང༌། ཡིན་ནའང༌། མཚོ་སྔོན་བརྙན་འཕྲིན་ཁང་ལ་རགས་ཙམ་བལྟས་པ་ཡིན།  འཁྲབ་སྟོན་དེ་ཚོ་རིག་གཞུང་གི་རྣམ་པ་རང་འཁྲབ་སྟོན་བྱས་པ་ཙམ་ལས་དགའ་དགའ་སྤྲོ་སྤྲོ་ཡི་རྣམ་པ་རང་མིན་པ་ཏག་ཏག་ཚོར་གྱི་འདུག དཔེར་ན། བྱིས་པ་ཆུང་ཆུང་དེ་ཚོར་མི་རྒན་པ་ཚོའི་གཞས་དང་ཞབས་བྲོ་རིགས་འཁྲབ་སྟོན་བྱེད་དུ་བཅུག་ནས་བོད་མི་རིགས་རང་གི་ཐུན་མོང་མ་ཡིན་པའི་རིག་གཞུང་ཁག་རྒྱུན་འཛིན་དང་ཁྱབ་སྤེལ་གཏོང་བའི་གོ་སྐབས་ཡག་པོ་ཞིག་བཟུང་ཡོད།

མི་མང་གིས་བྱིས་པ་ཚོའི་འཁྲབ་སྟོན་ལ་དགའ་བསུ་ཐོབ་པ་ཡིན་ན། བྱིས་པ་ལ་རང་བཞིན་གྱིས་དེའི་ཕྱོགས་ལ་དགའ་སྣང་འཕར་མ་ཞིག་སློང་ཐུབ་ཀྱི་ཡོད་པ་དང༌། དེ་བཞིན་མདོ་འཛིན་པ་ཚོ་ཡིན་ནའང་འདས་པའི་ལོ་དེར། བོད་ཁུལ་དུ་ཆུ་ལོག་དང་ས་ཡོམ་སོགས་ཀྱིས་གནོད་འཚེ་ཐེབས་པའི་དམྱང་ངན་གྱི་ལོ་ཟླ་དག་རྒྱབ་ཏུ་བསྐྱུར་ནས་རེ་བ་དང་སྤོབས་པའི་ངང་ནས་བཀྲ་ཤིས་པའི་ལོ་གསར་བ་ཞིག་ཚུར་ལ་བསུ་དགོས་པའི་རེ་སྨོན་ཕུལ་བ་སོགས་བོད་ཆོལ་ཁ་གསུམ་སྐྱིད་སྡུག་གཅིག་དང་རེ་བ་གཅིག་ཡིན་པའི་རྣམ་པ་གསལ་བོ་མཚོན་གྱི་འདུག་ཅེས་ཟེར།

ཡང་ད་ལྟ་བོད་ནང་གི་བརྙན་འཕྲིན་ཁག་ལ་བལྟས་པ་ཡིན་ན། བོད་རིགས་མི་མང་གིས་དགའ་སྤྲོའི་ངང་ལོ་གསར་བཏང་དང་གཏོང་བཞིན་པའི་རྣམ་པ་ཞིག་སྟོན་གྱི་འདུག དེ་ཚོ་རྒྱ་གཞུང་གི་སྣོན་ཤུགས་འོག་བྱུང་བ་ཞིག་ཡིན་མིན་སྐོར་དྲིས་པར། སྤྱིར་བཏང་བརྒྱ་ཆ་བརྒྱ་ཐམ་པ་རྒྱ་གཞུང་གི་སྣོན་ཤུགས་རེད་ཟེར་ཐུབ་ཀྱི་མི་འདུག ཡིན་ནའང༌། ཁོང་ཚོའི་ལོ་གསར་དུས་སྟོན་དེ་རྒྱུན་ལྡན་གྱི་རིག་གཞུང་འཁྲབ་སྟོན་གྱི་རྣམ་པ་ཙམ་དུ་གྱུར་ཡོད་དུས། གལ་སྲིད་ད་ལོ་དེ་ལྟར་མ་བྱས་པ་ཡིན་ན་ཏན་ཏན་དཀའ་ངལ་ཞིག་འཕྲད་ཀྱི་རེད་བསམ་གྱི་འདུག

ད་ལོ་ལོ་གསར་མ་བཏང་ན་དམིགས་བསལ་གྱིས་ཆབ་སྲིད་ཀྱི་གནད་དོན་དེ་འདྲ་ཆགས་ཀྱི་མེད་རུང༌། ཆུ་ལོག་དང་ས་ཡོམ་སོགས་རང་བྱུང་གནོན་འཚེ་ཡིས་རང་གི་རིགས་གཅིག་པ་མང་པོ་ཞིག་གི་ཚེ་སྲོག་ཤོར་ཡོད་དུས།  མི་རིགས་ཀྱི་ཞེན་ཁོག་ཅིག་ཏུ་བསྙད་ནས་དཀའ་ངལ་འཕྲད་མི་སྲིད་པ་མ་རེད། ཡིན་ནའང༌། མཐའ་གཅིག་ཏུ་བཙན་བཀའ་ཞིག་གི་འོག་ལོ་གསར་གཏོང་བ་ཞིག་ཨེ་ཡིན་ན་བསམ་གྱི་འདུག་ཅེས་བརྗོད་བྱུང༌།

བཅར་འདྲི་བ་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་འགན་འཛིན་ཡེ་ཤེས་ཆོས་བཟང་དང་ཡི་གེ་བ་པདྨ་མཚོ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།