ངོ་རྒོལ་སྐད་འབོད་ཐོག་མ་ཁམས་སྡེ་དགེ་འདན་ཁོག་ཏུ་བྱུང་བ།
མཐའ་མའི་བསྐྱར་བཅོས། (༡༦༢༠༠༩༡༩༢༧)
༄༅། །ཕྱི་ལོ་༢༠༠༩ལོའི་གཞིས་བཞུགས་བོད་རིགས་མི་མང་འདུ་འཛོམས་ཀྱི་ངོ་རྒོལ་སྐད་འབོད་ཐོག་མ་ཁམས་སྡེ་དགེ་འདན་ཁོག་ཏུ་བྱུང་བ།
ཤམ་བྷ་ལའི་ཕོ་ཉ་དྲ་བས་ཟླ་༠༡ཚེས་༡༦ཉིན་སྤེལ། ༢༠༠༩།༡།༥ཉིན་འདན་ཆོས་འཁོར་དགོན་པའི་ཉེ་འཁྲིས་སུ་ཡོད་པའི་ཆོས་འཁོར་ཤང་ཐོག་ཏུ་དགོང་མོ་ཆུ་ཚོད་དང་པོའི་ཐོག་འབར་རྫས་ལན་གཉིས་འགད་རྐྱེན་ལས་ཁུངས་ཀྱི་རླངས་འཁོར་གྲངས་བཞི་གཏོར་འདུག །མ་ཟད་ལས་ཁུངས་ལ་ཡང་གནོད་སྐྱོན་ཚབས་ཆེན་ཕོག་ཡོད་འདུག་རུང་མི་ལ་གནོད་སྐྱོན་ཕོག་པའི་གནས་ཚུལ་བྱུང་མི་འདུག །དོན་རྐྱེན་དེའི་ཐད་ཆབ་མདོ་ཀྲང་ཆུས་དང་འཇོ་མདའ་རྫོང་ནས་འབྱོར་བའི་ཉེན་རྟོག་པ་དང་རྫོང་དཔོན་སོགས་མཐོ་རིམ་དཔོན་རིགས་ཚན་པ་ཁག་ཅིག་ནས་ཞིབ་འཇུག་བྱེད་བཞིན་ཡོད་འདུག །ད་ཕན་སུ་ཡིན་རྩད་ཆོད་བྱུང་མི་འདུག །སྤྱིར་ས་གནས་ལས་ཁུངས་དེར་ཁ་སྔོན་ཟླ་བ་གཉིས་ཙམ་སྔོན་ནས་སྦྱར་ཡིག་འདྲ་མིན་སྦྱར་བ་དང༌། སུ་ཡིན་མི་ཤེས་པའི་ཁ་པར་མང་པོ་འབྱོར་འདུག་པ་དེ་དག་གི་ནང་དོན་ནི་ལྷ་སར་སྐྱོད་རྒྱུའི་ཆེད་དུ་གཞས་སྣ་སྦྱོང་བརྡར་མཚམས་འཇོག་དགོས་པ་དང༌། བོད་རང་བཙན་དགོས་པ་སོགས་གཅིག་མཚུངས་བརྗོད་འདུག །ལྷ་སར་སྐྱོད་རྒྱུའི་གཞས་སྣ་སྦྱོང་བརྡར་ཞེས་པ་ནི་བོད་རང་སྐྱོང་ལྗོངས་གི་ལས་བྱེད་པས་མཛུབ་སྟོན་བྱས་དོན་བཞིན་སྟོང་ལོ་དགུ་པའི་ནང་དུ་བོད་ལྗོངས་བཅིང་གྲོལ་ཐོབ་ནས་ལོ་ལྔ་བཅུ་ཐམ་པ་འཁོར་བའི་དུས་སྟོན་ཞིག་གི་ཆེད་དུ་ཡིན་སྐོར་དང༌། ཁག་ཅིག་གིས་མི་མང་མཉམ་ལས་བཤིག་སྟེ་ཞིང་འབྲོག་སྒེར་བདག་ཅན་དུ་བསྒྱུར་ནས་མི་ལོ་སུམ་ཅུ་འཁོར་བའི་དུས་ཆེན་སྲུང་བརྩི་ཞུ་རྒྱུའི་ཆེད་དུ་ཡིན་སྐོར་ཡང་བརྗོད་བཞིན་ཡོད་འདུག །གང་ལྟར་འབར་རྫས་གས་འཐོར་ལ་ཞིག་འཇུག་བྱེད་བཞིན་པའི་སྐབས་དེར་རྒྱ་མི་འགྲུལ་སྐྱེལ་རླངས་འཁོར་ཆེ་བ་གསུམ་དང་ཆུང་བ་གཉིས་བཅས་གྲངས་ལྔ་ས་གནས་དེའི་གཞས་པ་དང་གཞས་མ་རྣམས་ལྷ་སར་སྐྱེལ་འདྲེན་ཆེད་དུ་འབྱོར་ཡོག་འདུག །རྒྱུན་རྐྱེན་དེར་བརྟེན་ནས་ ༢༠༠༩།༡།༡༠ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ལྔ་པ་ཡས་མས་མགོ་འཛུགས་ཀྱིས་འདན་ཆོས་འཁོར་དགོན་པའི་དགེ་འདུན་པ་ཉིས་བརྒྱ་ལྷག་ཙམ་གྱིས་སྣེ་ཁྲིད་དེ་སེར་སྐྱ་མི་མང་སུམ་བརྒྱ་ལྷག་ཙམ་ཞིག་འདན་ཆོས་འཁོར་ཆུས་ཀྱི་ལས་ཁུངས་སུ་ཆེད་དུ་བཅར་ནས་ད་ལན་ང་ཚོ་བོད་རིགས་ཤིག་གི་ངོས་ནས་བཤད་ན་ལྷ་སར་གཞས་སྣ་འཁྲབ་སྟོན་བྱེད་རྒྱུ་དེ་ནི་བོད་པའི་ཁ་རྒྱུན་ལ་ཕ་བསད་པའི་སྟེང་ལ་རྒྱ་རྔ་བརྡུང་བ་དང༌། འབྲོང་བསད་པའི་སྟེང་ལ་རྔ་མའི་དར་ལྕོག་གི་དཔེ་ལས་མ་འདས་པས་འོས་འཚམས་ཤིག་གཏན་ནས་མིན། གཞས་པ་གཞས་མ་དང་གླུ་བ་གླུ་མ་རྣམས་ལྷ་སར་འཁྲིད་ན་འགྲིག་ཐབས་རྩ་བ་ནས་མེད། འདིའི་རྒྱུ་མཚན་ཡང་ཁྱེད་རང་ཚོས་གསལ་པོ་ཤེས་གསལ་ལྟར་ཉིས་སྟོང་བརྒྱད་ཀྱི་ཟླ་བ་གསུམ་པའི་ཚེས་བཅུ་བཞིའི་ཉིན་ལྷ་སར་ཁྲག་གི་འཁོར་ལོ་ཐེངས་དང་པོར་བསྐོར་བ་ནས་བཟུང་སྟེ་མདོ་དབུས་ཁམས་གསུམ་གྱི་བོད་རིགས་སྤུན་ཟླ་རྣམས་ཀྱིས་བདེན་དོན་ཆེད་དུ་ཞི་བའི་ལས་འགུལ་སྤེལ་བར་བརྟེན་དེང་སྐབས་དམྱལ་བའི་སྡུག་བསྔལ་མི་ཡུལ་དུ་མྱོང་བ་ལྟ་བུ་ཞིག་བྱུང་བས་གླུ་གཞས་དགའ་སྟོན་སོགས་ལ་རོལ་བའི་དུས་ཆེན་གཏན་ནས་མིན་སྐོར་བརྗོད་དེ་ངོ་རྒོལ་ཤུགས་ཆེན་གནང་འདུག །སྐབས་དེར་དེ་ཡོད་དཔོན་རིགས་ཚོས་བརྗོད་དོན། ད་ལན་ཁྱེད་རང་ཚོས་བྱ་སྤྱོད་འདི་ཆེས་ཉེན་ཚབས་ཅན་དུ་གྱུར་ཡོད་པས། རིང་མིན་ཆབ་མདོ་དང་འཇོ་མདའ་སོགས་ནས་དམག་མི་དང་དྲག་ཆས་ཉེན་རྟོག་པ་སོགས་ཡོན་གིན་ཡོད་པས་ཁྱེད་རང་ཚོའི་མཇུག་འབྲས་གསལ་པོར་ཆགས་ངེས་རེད་ཅེས་འཇིགས་བསྐུལ་བྱས་ཡོད་འདུག་རུང་དེར་ཡོད་དགེ་འདུན་པ་དང་མི་མང་ཚང་མས་དཔའ་ངར་ཞུམ་མེད་ཐོག་ནས་ཕྱི་དྲོའི་ཆུ་ཚོད་ལྔ་པ་ནས་མཚན་གུང་ཆུ་ཚོད་བཅུ་གཉིས་བར་དུ་དགོས་འདུན་སྣ་ཚོགས་བཏོན་ནས་ངོ་རྒོལ་ཤུགས་ཆེན་གནང་ཡོད་འདུག །དེར་ཡོད་དགེ་འདུན་པ་དང་མི་མང་ཚོས་འབོད་ཚིག་ནི། ཆེས་མུན་ནག་གི་ལོ་ཟླ་འདི་ལྟ་བུ་ཞིག་ལ་ལྷ་སར་གཞས་དང་ཞབས་བྲོ་བྱོས་ཞེས་བཙན་དབང་འདི་ལྟ་བུ་ནི་ང་ཚོ་བོད་རིགས་ལ་ཆེས་མཆོང་ཆུང་དང་དམའ་འབེབ་བརྙེས་བཅོས་ཡིན་ཞེས་ངར་སྐད་དྲག་པོ་སྒྲོག་ཡོད་འདུག ཁག་ཅིག་ནས་ཆོས་ལུགས་དད་མོས་རང་དབང་ཞེས་པ་དེ་རྒྱ་དམར་གྱིས་ཤོད་བཞིན་ཡོད་ཀྱང་ལག་ལེན་མི་བྱེད་པར་སྐྱོན་བརྗོད་གནང་བ་དང༌། ཁག་ཅིག་གིས་ད་ལོ་བོད་ས་སྟོད་སྨད་བར་གསུམ་ནས་བདེན་དོན་ཞུ་འབོད་གནང་མཁན་ཉམ་ཆུང་བོད་མི་ཚོར་ནག་ཉེས་འདྲ་མིན་བཙུགས་ཏེ་ཚད་ལས་བརྒལ་བའི་སྡུག་སྦྱོང་མནར་གཅོད་བྱེད་བཞིན་པ་འདི་དག་འཛམ་གླིང་རྒྱལ་སྤྱི་དང་དྲན་བདེན་ལ་དགའ་བའི་རྒྱལ་ཁབ་དང་མི་མང་གི་འདུན་ནག་ཉེས་ཇི་ཡོད་དཔང་རྟགས་གསལ་པོར་བཟོ་དགོས་བརྗོད་མཁན་ཡང་ཡོད་འདུག །ཕྱི་ཚེས་ ༡༣ ཉིན་གོང་གསལ་འབར་རྫས་དོན་རྐྱེན་དང་ངོ་རྒོལ་བ་རྣམས་ལ་བསྙད་དེ་དྲག་ཆས་ཉེན་རྟོག་པ་དང་དམག་དཔུང་རླངས་འཁོར་གྲངས་བཞི་ཙམ་འབྱོར་ནས་དགོན་པའི་ཆོས་རའི་སྒོ་ཆེན་འཁྲིས་སུ་དམག་སྦྱོང་ཤུགས་ཆེན་བྱས་ཡོད་འདུག །འོན་ཀྱང་མི་མང་གིས་ལས་འགུལ་སྤེལ་བའི་ཤུགས་རྐྱེན་ལ་བརྟེན་ནས་འཁྲབ་སྟོན་པ་རྣམས་ལྷ་སར་མི་འགྲོ་རྒྱུ་ཐག་ཆོད་བྱུང་ཡོད་ནའང་ཡུལ་དེར་རྒྱལ་གཅེས་ཆོས་གཅེས་ཞེས་པའི་གཏིང་གནག་པའི་རྒྱ་གཞུང་གིས་ཆབ་སྲིད་ལས་འགུལ་ཤུགས་ཆེར་སྤེལ་བཞིན་ཡོད་འདུག་པས་ཕྱིས་འབྱུང་འཇུག་འབྲས་ཇི་འོང་ཚོད་དཔག་དཀའ་བའི་གནས་སུ་གྱུར་འདུག
གོང་གསལ་གནས་ཚུལ་འདི་ནི་ ༢༠༠༩ སྤྱི་ཟླ་ ༡ ཚེས་ ༡༡ ཉིན་བོད་ནས་ཁ་པར་ཐོག་འགྲེལ་བརྗོད་བྱས་དོན་བཞིན་ཡིག་ཐོག་ཏུ་ཕབ་པ་ལས་རང་བཟོ་དང་སྒྲོ་འདོགས་སོགས་གང་ཡང་བྱས་མེད་ལ་གལ་སྲིད་དོགས་པ་བྱུང་རིགས་རྣམས་ནས་གཤམ་གསལ་ཁ་པར་ཐོག་འབྲེལ་བ་གནང་སྐྱོང་ཞུ་རྒྱུ་བཅས།
འདན་ཆོས་འཁོར་དགོན་པའི་འབྲེལ་ཡོད་གྲྭ་རྒྱུན་ཐུན་མོང་ནས།
༢༠༠༩།༡།༡༣ ཉིན།
འབྲེལ་གཏུགས་བྱེད་ཡུལ། ༩༧༤༣༢༣༣༩༤༤
འབྲེལ་ཡོད་ནས་མཁོ་སྤྲོད་གནང་དོན་ལྟར་སྨོན་ལམ་མཐར་ཕྱིན་པས་ཕུལ། ༢༠༠༩།༡།༡༦།