གསོན་དཀའ་བའི་བཙོན་པ་ཞིག་ནང་མིར་རྩིས་སྤྲོད་བྱས་པ།
མཐའ་མའི་བསྐྱར་བཅོས། (༠༨༢༠༠༩༢༠༠༩)
ཤམ་བྷ་ལའི་ཕོ་ཉ་དྲ་བས་ཟླ་༠༡ཚེས་༠༨ཉིན་སྤེལ། འདི་ནས་ཁུངས་ལྡན་གནས་ཚུལ་ཤེས་གསལ་ལྟར་ན། ཉེ་ཆར་དཀར་མཛེས་ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་ནས་ལོ་གསུམ་གྱི་དུས་བཀག་བཙོན་འཇུག་ཁྲིམས་ཐག་བཅད་ཟིན་པ་གུ་རུ་རྡོ་རྗེར་རང་ལོ་༤༩སྔ་ཕྱིར་བཀག་ཉར་བྱས་རིང་དང༌། བཙོན་ཁང་བཅས་སུ་རྒྱ་གཞུང་གི་ཉེན་རྟོག་པ་དང་དམག་མི་བཅས་ནས་མི་སྤྱོད་ལས་འདས་པའི་ཉེས་བརྡུང་ཚད་མེད་བཏང་བར་བརྟེན་ད་ལྟ་གསོན་དཀའ་བའི་གནས་སུ་གྱར་ཏེ་༢༠༠༩ ཟླ་༡ཚེས་༢ཉིན་དཀར་མཛེས་ཁུལ་ཉེན་རྟོག་ལས་ཁུངས་ནས་དཀར་མཛེས་རྫོང་ཉེན་རྟོག་ལས་ཁུངས་སུ་ཁ་པར་བཏང་སྟེ་གུ་རུ་རྡོ་རྗེ་ལ་གློ་བུར་ན་ཚ་ཕོག་སྟེ་དར་རྩེ་མདོ་སྨན་ཁང་ནང་ཉལ་ཡོད་པས་ནང་མི་རྩིས་ལེན་དུ་ཡོང་དགོས་སྐོར་བཤད་ཡོད་འདུག
དེ་རྗེས་དར་རྩེ་མདོར་ནང་མི་གཉེན་འབྲེལ་རྣམས་རྩིས་ལེན་དུ་ཕྱིན་སྐབས་གུ་རུ་རྡོ་རྗེ་སྐད་ཆ་བཤད་ཐུབ་ལ་མི་ཐུབ་ལ་ཆགས་ཡོད་འདུག་པ་དང་ཁོང་གསོན་པོར་བསྡད་ཐུབ་རྒྱུ་མིན་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག ཁོང་ལ་རྒྱ་གཞུང་གིས་ཉེས་བརྡུང་བཏང་རྐྱེན་ནད་པ་ཆགས་པ་ཞིག་ལས་ཐོག་མར་ཁོང་འཛིན་བཟུང་སྐབས་ན་ནད་ཚ་གསུམ་གང་ཡང་ཡོད་མི་འདུག
ཁོང་ནི་དཀར་མཛེས་རྫོང་གི་ཉེ་འགྲམ་ཀཿབྲག་ཤང་གྲུ་ཁང་སྟེང་ནས་ཡིན་པ་དང་ ༢༠༠༨ ཕྱི་ཟླ་ ༣ ཚེས་ ༡༨ ཉིན་དཀར་མཛེས་རྫོང་དུ་ཞི་རྒོལ་གནང་མཁས་གྲས་སུ་ཡོད་ཅིང༌། ཕྱི་ཟླ་ ༣ ཚེས་ ༢༨ ཉིན་དཀར་མཛེས་རྫོང་ནས་འཛིན་བཟུང་བྱས་ཡོད། ཁོང་འཛིན་བཟུང་བཀག་ཉར་བྱས་ཏེ་ཉིན་བཅོ་ལྔ་ཙམ་གྱི་རྗེས་སུ་ཁོང་གི་བཟའ་ཟླ་ཤེས་རབ་གཡང་མཚོ་རང་ལོ་ ༤༠ ནང་སྐོར་ཞིག་སེམས་སྡུག་གིས་རིག་འཚོ་མ་ཟིན་པ་ཆགས་ཏེ་རང་ཁྱིམ་དུ་མི་སྡོད་པར་གང་སར་འཁྱམས་བཞིན་པའི་སྐབས་འདས་གྲོངས་སུ་ཕྱིན་ཡོད། ད་ལྟ་ནང་དུ་ཕྲུ་གུ་ཆུང་ཆུང་གཉིས་དང༌། ཕྲུ་གུ་ཆེ་བ་གཉིས་གྷོ་པ་པུར་བོད་ཁྱིམ་དུ་ཡོད་འདུག་པ་བཅས། སྨོན་ལམ་མཐར་ཕྱིན་པས་༢༠༠༩།༡།༨ ལ།