རྩོམ་པ་པོ་ཞོགས་དུང་ལ་ཁྲིམས་བཤེར་བྱ་འཆར་ཡོད་འདུག
ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༨ཚེས་༡༣ཉིན། ཨེ་ཤ་ཡའི་རྒྱལ་སྤྱིའི་གསར་འགྱུར་ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་བར་ལྟར་ན། འདི་ལོ་ཕྱི་ཟླ་༤པའི་ནང་འཛིན་བཟུང་བྱས་པའི་བོད་ཀྱི་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་ཞོགས་དུང་ལགས་ལ། རྒྱ་ནག་གཞུང་གིས་ཁྲིམས་བཤེར་བྱ་འཆར་ཡོད་པའི་གནས་ཚུལ་ཐོན་འདུག
ལོ་ན་༤༧སོན་པའི་དེང་རབས་བོད་ཀྱི་གཞོན་སྐྱེས་རྩོམ་པ་པོ་གྲགས་ཅན་སྨྱུག་མིང་ཞོགས་དུང་དང༌། དངོས་མིང་བཀྲ་རྒྱལ་ལགས་ཀྱིས། འདི་ལོ་ཕྱི་ཟླ་༣པའི་ནང་དེ་སྔོན་ཕྱི་ལོ་༢༠༠༨ལོར་བོད་ས་ཡོངས་སུ་བོད་མི་རྣམས་ཀྱིས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་བྱས་པའི་གནས་ཚུལ་ཏེ། ས་བྱི་ཞི་བའི་གསར་བརྗེ་ལ་བྲིས་པ་ཞེས་པའི་དེབ་ཀྱི་ཁ་བྱང་དུ་༼གནམ་ས་གོ་འབྱེད་༽ཟེར་བ་ཞིག་པར་སྐྲུན་འགྲེམས་སྤེལ་བྱས་པའི་རྐྱེན་གྱིས། རྒྱ་ནག་གཞུང་གིས་དེ་ནི་རྒྱ་ནག་གཞུང་གི་ཆབ་སྲིད་དང་འགལ་ཚུལ་གྱིས་ཉེས་འཛུགས་འོག འདི་ལོ་ཕྱི་ཟླ་༤པའི་ཚེས་༢༥ཉིན་གྱི་ཕྱི་དྲོ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་ཉེན་རྟོག་པ་ཁག་ཅིག་ཡོང་ནས་ཁོང་ཉིད་བཙན་ཁྲིད་བྱས་ནས། ཉེན་རྟོག་པས་ཁོང་གི་ཁྱིམ་དུ་སྔོག་བཤེར་དང༌། ཁོང་གི་གློག་ཀླད་དང་ཡིག་ཆ་མང་པོ་ཞིག་ཀྱང་བཙན་འཕྲོག་བྱས་ཡོད་འདུག
དེ་རྗེས་མཚོ་སྔོན་ཉེན་རྟོག་ལས་ཁུངས་ཀྱིས་ཁོང་གིས་བརྩམས་པའི་དེབ་དེ་ཟླ་བ་གཅིག་ཙམ་རིང་རྒྱ་ཡིག་ཐོག་ཡིག་བསྒྱུར་དང་ཞིབ་བཤེར་བྱས། དེ་ཡང་ཁོང་གིས་༼རང་ཉིད་ཀྱི་ཁ་ཡིས་རྐྱེན་པས་རང་ཉིད་ཀྱི་མགོ་ཡང་བརླག་སྲིད། འོན་ཀྱང་དེ་ནི་རང་ཉིད་ཀྱིས་བདམས་པའི་ལམ་ཁ་ཞིག་ཡིན། དེར་བརྟེན་དེའི་འགན་ལེན་ནི་རང་ཉིད་ལ་ཡོད་པ་རེད་༽ཅེས་གསུངས་ཡོད་པ་རེད་ཅེས་ཨ་རིའི་ནེའུ་ཡོག་དུས་བབ་ཅེས་པའི་གསར་འགྱུར་བརྒྱུད་ལམ་ནས་ལུང་འདྲེན་བྱས་འདུག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།