བོད་ཕྱི་ནང་གཉིས་ཀའི་དྲ་ཚིགས་བཀག་འགོག་བྱས་འདུག

 པར་འདེབས།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༨ཚེས་༦ཉིན། ཕྱི་ལོ་༢༠༠༨ཨོ་རྩལ་འགྲན་ཚོགས་ཀྱི་དུས་སྐབས་ནས་བཟུང༌། རྒྱ་ནག་གཞུང་གིས་དམིགས་བསལ་དྲ་རྒྱར་སྟངས་འཛིན་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་དང༌། ལྷག་པ་ཟླ་འདིའི་ནང་བོད་ནང་དུ་དྲ་རྒྱ་ཁང་ཚང་མའི་གློག་ཀླད་ནང་སོ་སྲུང་གཉེན་ཆས་ཤིག་ནང་འཇུག་བྱ་རྒྱུའི་ཁྲིམས་ལུགས་ཤིག་ལག་བསྟར་བྱ་རྒྱུ་ཡིན་པའི་མ་ཚད། བོད་ཕྱི་ནང་གཉིས་ཀྱི་དྲ་ཚིགས་ནི་འགོག་རྒོལ་དང་བཀག་སྡོམ་བྱས་དང་བྱེད་བཞིན་པའི་གནས་ཚུལ་ཞིག་རེད།

དྲ་རྒྱ་དང་དམིགས་བསལ་ཟིན་བྲིས་ནི་བོད་མི་ཚོར་མཚོན་ན་རང་ཉིད་ཀྱི་བསམ་ཚུལ་གཞན་ལ་གསལ་སྟོན་བྱེད་སའི་སྡིང་ཆ་གལ་ཆེན་ཞིག་ཡིན་ཡང༌། འདས་པའི་ལོ་འགའི་ནང་དྲ་ཚིགས་དང་ཟིན་བྲིས་དེ་དག་རིམ་པར་རྒྱ་ནག་གཞུང་གིས་སྒོ་བརྒྱབ་དང་རྒྱག་བཞིན་པ་ཞིག་ཡིན།

དཔེར་མཚོན་ཙམ་ཞུས་ན། འདི་ལོ་ཕྱི་ཟླ་༦པའི་ཚེས་༢ཉིན། ཀརྨ་བསམ་འགྲུབ་ཀྱི་ཁྲིམས་བཤེར་ཐེངས་དང་པོ་ཕྱི་བཤོལ་བྱས་རྗེས། ཀརྨ་བསམ་འགྲུབ་ལགས་ཀྱི་ཆུང་མ་སྒྲོལ་དཀར་མཚོའི་ཟིན་བྲིས་ཐེངས་དང་པོ་དེ་སྒོ་ཕྱེས་ནས་ཉིན་གཅིག་ལས་མ་ཕྱིན་པ་སྒོ་བརྒྱབ་ཡོད་པ་དང༌། འདས་པའི་ཟླ་བ་གཉིས་ཙམ་གྱི་རིང་གཏུད་མར་ཁོ་མོའི་ཟིན་བྲིས་ཐེངས་༥པ་བར་རིམ་བཞིན་རྒྱ་ནག་གཞུང་གིས་སྒོ་བརྒྱབ་པའི་གནས་ཚུལ་ཐོན་འདུག

རྒྱལ་མཚམས་མེད་པའི་གསར་འགོད་པའི་མཐུན་ཚོགས་ཀྱིས་གནས་ཚུལ་སྤེལ་བར་ལྟར་ན། བུད་མེད་རྩོམ་པ་པོ་འོད་ཟེར་གྱིས་གཉེར་བཞིན་པའི་དྲ་ཚིགས་ཁག་གཉིས་ཏེ། www.tibetcult.net དང་ www.daqi.com གཉིས་ཀྱི་ནང་བོད་ཀྱི་རིག་གཞུང་སྐོར་སྙན་ཚིག་དང༌། རྩོམ་ཡིག དེ་བཞིན་ཤེས་བྱ་སྣ་ཚོགས་འདུས་པའི་དྲ་ཚིགས་དེ་གཉིས་ནི། དམིགས་བསལ་རྒྱ་ནག་ནང་ཡོད་པའི་མཐོ་རིམ་སློབ་མ་ཚོས་བོད་པའི་ལོ་རྒྱུས་དང་རིག་གཞུང་ཤེས་རྟོགས་ཡོང་བར་ཕན་ནུས་ཆེན་པོ་ལྡན་པའི་དྲ་ཚིགས་ཤིག་ཡིན་འདུག་ཀྱང་། རྒྱ་ནག་གཞུང་གིས་བཀོད་ཁྱབ་འོག་རྒྱ་ནག་ནང་ཁུལ་དུ་ལྟ་ཀློག་མི་ཐུབ་པ་བཟོས་ཡོད་འདུག

མ་ཚད་བོད་ཕྱི་ནང་གཉིས་ཀྱི་ཟམ་པ་ལྟར་གྱུར་པའི་ཧིན་གཟུགས་ཟིན་བྲིས་ཀྱང༌། རྒྱ་ནག་གཞུང་གིས་འགོག་རྒོལ་བྱེད་བཞིན་པའི་སྒང་དེར། ཧིན་གཟུགས་དྲ་བདག་གིས་མཆོད་མེའི་དྲ་ཚིགས་སུ། ཛ་དྲག་གི་གནས་ཚུལ་ཞིག་གི་རྐྱེན་པས་དྲ་ཚིགས་མྱུར་དུ་སྒོ་རྒྱག་དགོས་ཐུག་སོང་བས། རྩོམ་པ་པོ་དང་ཟིན་བྲིས་པ་ཚོས་གལ་ཆེའི་རྩོམ་ཡིག་དང་ཡིག་ཆ་ཁག་ཕྱིར་ལེན་རོགས་ཅེས་རེ་སྐུལ་གྱི་གསལ་བསྒྲགས་ཤིག་སྤེལ་དགོས་ཐུབ་པ་དང་། ད་ལྟའི་ཆར་རྒྱ་ནག་གཞུང་གིས་ཧིན་གཟུགས་ཟིན་བྲིས་ཡོངས་སུ་སྒོ་བརྒྱབ་ཟིན།

གཞན་ཡང་ང་ཚོས་ཤེས་གསལ་ལྟར་ན། རྒྱ་ནག་གཞུང་གིས་བོད་ནང་གི་དྲ་ཚིགས་ཁག་ཅིག་བཀག་སྡོམ་བྱས་ཡོད་པ་ནི། བོད་ཀྱི་ན་གཞོན་དྲ་ཚིགས་དང༌། བོད་ཀྱི་སྐད་ཡིག་དྲ་ཚིགས། ཁ་བ་ཅན་ཞེས་པའི་དྲ་ཚིགས་སོགས་ཡིན་ལ། བཙན་བྱོལ་ནང་ཡོད་པའི་དྲ་ཚིགས་ཀྱང་། བཙན་བྱོལ་བོད་གཞུང་གི་དྲ་ཚིགས་དང༌། བོད་ཀྱི་ཆ་འཕྲིན། ཤམ་བྷ་ལའི་ཕོ་ཉ། ཕ་ཡུལ་དྲ་ཚིགས། ནོར་ཝེ་རླུང་འཕྲིན་ཁང་གི་དྲ་ཚིགས། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲ་ཚིགས། བོད་ཀྱི་ཉི་མ་ཞེས་པའི་དྲ་ཚིགས། དེ་བཞིན་བོད་ཀྱི་བང་ཆེན་དང༌། དུས་བབ་དྲ་ཚིགས་སོགས་བོད་ནང་དུ་ལྟ་ཀློག་མི་ཐུབ་པའི་བཀག་འགོག་བྱས་ཡོད་པ་རེད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།



བརྗོད་གཞི་གཞན་ཁག་ལ་གཟིགས།