བོད་མིར་མནར་གཅོད་བཏང་བ་དེ་རྒྱལ་ཁབ་ཀྱི་གསང་བ་རེད་དམ།
མཐའ་མའི་བསྐྱར་བཅོས། (༠༦༢༠༠༩༡༦༢༦)
ཤམ་བྷ་ལའི་ཕོ་ཉ་དྲ་བས་ཟླ་༠༡ཚེས་༠༦ཉིན་སྤེལ། ཨ་མདོ་རྔ་པའི་ཐེའུ་གྲོང་རུ་ཁག་གཉིས་པའི་ཧོར་ཚང་ཡིན་པ་རྟོགས་ལྡན་བོན་དགོན་གྱི་གྲྭ་ཆབ་སྲིད་བཙོན་ཟུར་སངས་དགའ། རང་ལོ་ ༣༣ ཅན་དེ་སྔོན་ཕྱི་ལོ་ ༢༠༠༨ ཟླ་ ༨ ཚེས་ ༡༣ ཉིན་རྔ་པ་རྫོང་ཐོག་ནས་རྔ་པ་རང་སྐྱོང་ཁུལ་གྱི་ཉེན་རྟོག་པས་འཛིན་བཟུང་བྱས་ནས་སི་ཁྲོན་གྱི་གྲོང་ཁྱེར་ལྟེ་བ་ཁྲིན་ཏུའུ་ལ་ཁྲིད་འདུག་པ་དང་དེ་ནས་ཟླ་གསུམ་ཙམ་གྱི་རྗེས་སུ་རྔ་པ་རང་སྐྱོང་ཁུལ་གྱི་ལྟེ་གནས་འབར་ཁམས་ལ་སླེབས་ནས། ཕྱི་ལོ་ ༢༠༠༨ ཟླ་ ༡༢ ཚེས་ ༡༤ ཉིན་རྔ་པ་རང་སྐྱོང་ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་ནས་ནང་མི་སོགས་གཅིག་ཀྱང་སྐད་མ་བཏང་བར་གསང་བའི་སྒོ་ནས་བཙོན་འཇུག་ཁྲིམས་ཐག་ལོ་ ༨ བཅད་ཡོད་འདུག ནག་ཉེས་གཙོ་བོ་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱས་པའི་ཉེས་འཛུགས་བྱས་འདུག་པ་དང༌། ཟླ་གསུམ་ཙམ་གྱི་རིང་ལྟོགས་སྐོམ་མྱོང་བ་དང་མནར་གཅོད་ཚད་ལས་བརྒལ་བ་བཟོས་པས་ཁོང་གི་གཟུགས་གཞིའི་གནས་སྟངས་ཧ་ཅང་སྐྱོ་བོ་ཡིན་འདུག དེ་ལྟར་ཁྲིམས་ཐག་བཅད་ཚར་རྗེས་གཞི་ནས་འབྲེལ་ཡོད་ཚོས་གནས་ཚུལ་གོ་བས་ཁོང་གི་ཕ་མ་དང་གཉེན་ཉེ་སོགས་ལྟ་རུ་སོང་བར་ཕ་མ་གཉིས་དང་ནང་གི་སྤུན་མཆེད་ཅིག་དུས་ཐུང་ནང་ཐུག་འཕྲད་བྱེད་བཅུག་པ་མ་གཏོགས། གཞན་ཁོང་གི་ཨ་ཞང་རེ་ལྟ་རུ་ཡོང་ཡོད་ནའང་ཐུག་བཅུག་མེད་འདུག ཁོང་མི་རིང་བར་སི་ཁྲོན་གྱི་མེན་ཡངས་ཞེས་པའི་ས་གནས་སུ་འཁྲིད་རྒྱུ་ཡིན་འདུག
གཞན་ཡང་ཁོང་དེ་སྔོན་སྤྱི་ལོ་༢༠༠༡ ལོའི་ཟླ་༡༡ ནང་ཆབ་སྲིད་ཀྱི་ནག་ཉེས་གཡོགས་ནས་བཙོན་འཇུག་ཁྲིམས་ཐག་ལོ་ ༣ བཅད་འདུག སྐབས་དེར་ཁོང་གིས་ྋགོང་ས་མཆོག་གི་སྐུ་པར་ཞིག་གི་གཤམ་དུ་དགེ་ཆོས་ཀྱི་དེབ་དཀར་གྱི་དབུའི་ལུས་མདོར་བསྟན་གྱི་ཚིགས་བཅད། ལྷ་གཅིག་ཕྱག་ན་པདྨོ་མི་རྗེའི་ཚུལ། །ལུགས་གཉིས་འཁོར་ལོ་བསྒྱུར་བའི་དབང་ཕྱུག་ཆེ། །སྲིད་གསུམ་ཟིལ་གནོན་སྲོང་བཙན་སྒམ་པོ་ཡིས། །མཐའ་བཞིའི་རྒྱལ་ཁམས་དབང་དུ་བསྡུས་པའི་ཚུལ། །ཞེས་པ་ཁ་བསྒྱུར་ནས། ལྷ་གཅིག་ཕྱག་ན་པདྨོའི་རྣམ་རོལ་གར། །ལུགས་གཉིས་འཁོར་ལོ་བསྒྱུར་བའི་དབང་ཕྱུག་ཆེ། །སྲིད་གསུམ་ཟིལ་གནོན་བསྟན་འཛིན་རྒྱ་མཚོ་ཡིས། །མཐའ་བཞིའི་རྒྱལ་ཁམས་དབང་དུ་བསྡུ་བར་སྨོན། །ཞེས་པ་བཀོད་ནས་ལོ་གསར་ཞིག་གི་སྐབས་མི་མང་ནང་ཆིག་སྟོང་ལྷག་བཀྲམས་པ་དང༌། དེ་མིན་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་དང༌། བོད་སར་རྒྱ་མིས་མི་སེར་སྤེལ་བཞིན་པ་གཉིས་ལ་ངོ་རྒོལ་ཡོད་པ། བོད་ས་བོད་མི་ལ་དབང་དགོས་པ་སོགས་ཀྱི་ནང་དོན་འཁོད་པའི་ཡི་གེ་སྦྱར་བ་དང་བཀྲམས་པ་བཅས་ཀྱིས་ཡིན་འདུག བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཛ་དྲག་འབྲེལ་མཐུད་ཚོགས་ཆུང་ནས་མཁོ་སྤྲོད་གནང་དོན་བཞིན་ཕུལ། འདི་གར་བཏང་གནས། ༢༠༠༩།༡།༦། སྨོན་ལམ་མཐར་ཕྱིན་པས་ ༢༠༠༩།༡།༦ ལ།