ཁམས་སྐད་བརྙན་འཕྲིན་དངོས་སུ་འགོ་འཛུགས་བྱས་འདུག
དེ་ཡང་སི་ཁྲོན་ཞིང་ཆེན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས་ཟེར་བའི་ཅུས་ཀྲང་ཧའོ་ཏ་ཤིན་ཟེར་བས་འདི་སྐད། ཁམས་སྐད་འཕྲིན་ལམ་དེ་ཟླ་བ་བརྒྱད་རིང་ལ་ཚོད་གཏོང་ཙམ་བྱས་པ་ཡིན་ལ། འཕྲིན་ལམ་འདི་དངོས་སུ་བཏང་རྗེས། ལེ་ཚན་གྱི་བཀོད་སྒྲིག་ཐད་ནས་སྔར་ལས་ལུགས་དང་མཐུན་ཞིང༌། ནང་དོན་ཕུན་སུམ་ཚོགས་པ་ཞིག་ཡིན། ལེ་ཚན་ནང་དུ་《ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་འགྱུར་མཉམ་སྒྲོག་གནད་བསྡུས་ཟེར་བ།》བཅས་ཀྱི་གསར་འགྱུར་གལ་ཆེན་དག་བཏུས་ནས་ཉིན་དེར་ལོ་ཙཱ་དང་ཕབ་བཟོ་བྱས་ནས་དགོང་མོའི་ཆུ་ཚོད༡༠ཡི་ཡར་སྔོན་ལ་གཏོང་རྒྱུ་ཡིན་པ་དང༌། དེ་མིན་《ཁམས་སྐད་བརྙན་འཕྲིན་གསར་འགྱུར》ཞེས་པ་ཆེད་དུ་ཇུས་འགོད་བྱས་ཏེ་ཕབ་བཟོ་བྱས་ཡོད། གཞན་ཡང་ཁམས་སྐད་ལེ་ཚན་དངོས་སུ་བཏང་རྗེས་རྒྱ་ནག་རྒྱལ་ཡོངས་ཀྱི་རྒྱ་བོད་སྐད་གཉིས་སློབ་འཁྲིད་ཀྱི་ལེ་ཚན་ཐོག་མ《བོད་རྒྱ་སྐད་གཉིས》ལེ་ཚན་གཏོང་རྒྱུ་ཡིན་ཞིང༌། ལེ་ཚན་དེས་རྒྱ་བོད་སྐད་གཉིས་ཀྱི་ཁ་སྐད་སློབ་སྦྱོང་བྱེད་པ་གཙོར་བཟུང་བ་དང༌། གསོན་ཉམས་ལྡན་པའི་འགུལ་རིས་འཁྲབ་བརྗོད་ཀྱི་ལམ་ནས་རྒྱ་བོད་སྐད་གཉིས་སློབ་འཁྲིད་བྱེད་པ་ཞིག་ཡིན་པས། བོད་རིགས་སྤུན་ཟླ་རྣམས་ཀྱིས་རྒྱ་སྐད་སྦྱོང་བར་ཕན་ཁེ་བཟང་བོ་བསྐྲུན་ཡོད་ཅེས་གསལ་བསྒྲགས་བྱས་འདུག
བོད་སྐད་བརྙན་འཕྲིན་དེས་སྲུང་སྐར་འཕྲིན་ལམ་ནས་ཐད་ཀར་གཏོང་བ་དང༌། སྐུད་ཡོད་བརྙན་འཕྲིན་དྲ་བ་བརྒྱུད་ནས་གཏོང་བ། སྐུད་མེད་འཕང་མདའ་ཚུལ་དུ་གཏོང་བ་སོགས་གཏོང་ལམ་སྣ་མང་བརྒྱུད་དེ་རྒྱ་ནག་སི་ཁྲོན་དང༌། བོད་ལྗོངས། མཚོ་སྔོན། ཡུན་ནན། ཀན་སུའུ་ཟེར་བ་བཅས་ནུབ་རྒྱུད་ཀྱི་ཞིང་ཆེན་དང་ལྗོངས་ལྔའི་ཁམས་པའི་ས་ཁུལ་དུ་ཁྱབ་པ་ཡོད་པ་རེད་ཅེས་འཁོད་ཡོད་པ་རེད། དེ་བཞིན་ད་ལྟའི་ཆར་བོད་ཀྱི་དབུས་དང་ཨ་མདོའི་སྐད་ཡིག་ཐོག་བརྙན་དེ་ཉིད་འདི་སྔོན་ནས་འགོ་འཛུགས་ཀྱིས་རྒྱ་ནག་གཞུང་གིས་དམ་དྲག་གི་འོག་ཆབ་སྲིད་རང་དབང་མེད་ཀྱང་ལས་ལེ་ཚན་མང་པོ་ཉིན་ལྟར་གཏོང་བཞིན་ཡོད་པ་རེད།།