སྐྱེ་རྒུ་མདོའི་ཡུལ་མིའི་ངོ་རྒོལ་དང་རེ་སྐུལ།
མཐའ་མའི་བསྐྱར་བཅོས། (༠༤༢༠༡༠༡༨༤༥)
ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༦ཚེས་༤ཉིན། ས་ཡོམ་གྱི་གོད་ཆགས་བྱུང་ཡུལ་སྐྱེ་རྒུ་མདོ་ས་ཁུལ་གྱི་བོད་མི་བརྒྱ་སྐོར་འགས་རྒྱ་གཞུང་གིས་ཁོས་ཚོའི་ས་ཞིང་དང༌། སྡོད་ཞག་དག་གཞུང་བཞེས་བྱས་ཏེ་ཁང་བརྩེགས་ཅན་གྱི་སྡོད་ཁང་དང༌། སློབ་གྲྭ གཞུང་ལས་ཁང་སོགས་བསྐྱར་འཛུགས་བྱ་འཆར་ཡོད་པར་ངོ་རྒོལ་བྱེད་ཀྱིན་ཡོད་འདུག
སྐྱེ་རྒུ་མདོའི་ཡུལ་མི་ཞིག་གིས་རྒྱལ་སྤྱིའི་གསར་ལམ་ཁག་ཅིག་ལ་འགྲེལ་བརྗོད་བྱས་ཡོད་དོན། ས་གནས་སྲིད་གཞུང་གིས་ས་འགུལ་རྗེས་ཀྱི་ཞིག་རལ་དག་གཙང་ཕྱགས་བྱས་ཏེ་གཞུང་ལས་ཁང་དང༌། སློབ་གྲྭ དེ་བཞིན་གླིང་ག་སོགས་བསྐྱར་འཛུགས་བྱ་རྒྱུ་ཡིན་ཟེར་ཞོར། ང་ཚོ་ས་གནས་ཡུལ་མི་རྣམས་སོ་སོའི་སྡོད་ཁྱིམ་ནས་ཕྱིར་འབུད་བཏང་སོང་ལ། ད་དུང་ང་ཚོའི་ས་ཞིང་ཡང་བདག་བཟུང་བྱ་འཆར་ཡོད་འདུག ཅེས་ཟེར།
ཁོས་མུ་མཐུད་དུ་བརྗོད་ཡོད་དོན། ལས་འཆར་འདིས་བོད་རིགས་ས་གནས་ཡུལ་མི་རྣམས་སྤྲོ་ལངས་སུ་བཅུག་སྟབས། ཉེ་བའི་ཆར་ཡུལ་མི་རྣམས་ཀྱིས་ས་ཞིང་དང་སྡོད་ཁྱིམ་གྱི་བདག་དབང་མཐའ་དག་མི་རབས་ནས་མི་རབས་པར་ང་ཚོར་ཡོད་ཅེས་སྐད་རྒྱག་གིན་འདུག་ལ། འདས་པོའི་ཉིན་འགའི་ནང་ཁོ་ཚོ་ས་གནས་སྲིད་གཞུང་ལ་ཁ་རྩོད་བརྒྱགས་པར་གཅིག་རྗེས་གཉིས་མཐུད་སྒོས་ཕྱིན་པ་རེད། ཅེས་ཟེར།
དེ་ཡང་བོད་མི་༡༠༠ཙམ་གྱིས་ཉིན་རྟག་པར་སྐྱེ་རྒུ་མདོའི་ས་གནས་དཔོན་རིགས་ཚོར་སྡོད་ཁྱིམ་དང་ས་ཞིང་གི་བདག་དབང་ཕྱིར་ཁོ་ཚོར་སྤྲོད་དགོས་ལུགས་ཐད་ངོ་རྒོལ་དང་རེ་ཞུ་བྱེད་ཀྱིན་ཡོད་མོད། ས་གནས་དཔོན་རིགས་ཚོས་ཁོ་ཚོའི་ཁར་ཉན་གྱིན་ཡོད་མི་འདུག གཞན་ཡང་བོད་མི་ངོ་རྒོལ་བ་དང་གྲྭ་བ་རྣམས་རྒྱའི་ཉེན་རྟོག་པས་འཇུ་བཟུང་བྱས་ཡོད་མིན་སྐོར་ཤེས་རྟོགས་མི་འདུག་ལ། མང་ཚོགས་རྣམས་དེའི་སྐོར་ལབ་གླེང་བྱེད་རྒྱུར་འཇིགས་སྐྲག་སྐྱེས་ཀྱིན་ཡོད་འདུག
རྒྱ་གཞུང་གིས་སྐྱེ་རྒུ་མདོ་ས་གནས་ཡུལ་མི་རྣམས་ལ་ས་ཞིང་དང་སྡོད་ཁྱིམ་གཞུང་བཞེས་བཏང་བའི་གུན་གསབ་ཀྱི་ཆེད་དུ་རྒྱ་ཁྱོན་ལ་རྨིའི་གྲུ་བཞི་མ་༨༠ཡོད་པའི་སྡོད་ཞག་གསར་བ་ལོག་ཏུ་འཛུགས་བསྐྲུན་བྱ་རྒྱུ་ཡིན་ཟེར་མོད། ནང་མི་ཚང་བ་གཞིས་ཁྱིམ་གཅིག་ནང་འཚོ་སྡོད་བྱེད་པར་གོམས་པའི་བོད་རིགས་ཡུལ་མི་རྣམས་རྒྱའི་སྡོད་ཁང་ཆུང་ཆུང་ནང་འགྲོ་འདོད་གཏན་ནས་མི་འདུག