རྒྱ་གཞུང་གིས་གྲྭ་བ་གཉིས་འཇུས་འདུག
མཐའ་མའི་བསྐྱར་བཅོས། (༢༨༢༠༡༠༡༩༤༥)
ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༥ཚེས་༢༨ཉིན། ཉེ་བའི་ཆར་རྒྱའི་ཉེན་རྟོག་པས་རྔ་པ་སྒོ་མང་དགོན་གྱི་གྲྭ་བ་འབྲོག་རུ་ཚུལ་ཁྲིམས་དང༌། སྐལ་བཟང་ཚུལ་ཁྲིམས་གཉིས་ལ་ངེས་མེད་ཀྱི་ཉེས་འཛུགས་བྱས་ཏེ་འཇུ་བཟུང་བཙོན་འཇུག་བྱས་ཡོད་འདུག
དེ་ཡང་འདི་ག་གསར་ཁང་གིས་བཞུགས་སྒར་དྷ་སར་གནས་སྡོད་བྱས་པའི་འབྲོག་རུ་ཆོས་གྲགས་ནས་གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན། ཟླ་འདིའི་ཚེས་༢༤ཉིན་རྒྱའི་ཉེན་རྟོག་པ་བཞི་ལྔ་ཙམ་རང་ལོ་༢༨ལ་སོན་པའི་རྔ་པ་སྒོ་མང་དགོན་གྱི་གྲྭ་འབྲོག་རུ་ཚུལ་ཁྲིམས་ཀྱི་སྡོད་ཤག་ཏུ་གློ་བུར་ངང་འཛུལ་ཡོང་ནས་ཁོང་འཇུ་བཟུང་བྱས་ཡོད་པ་མ་ཟད། ཁོང་གི་སྡོད་ཤག་སྔོག་བཤེར་བྱེད་སྐབས་ལག་སོན་བྱུང་བའི་ཡིག་ཆ་དང་བྲིས་རྩོམ་འགའ་ཡང་ཁྱེར་ཡོད་འདུག་ལ། སྐབས་དེར་ཁོང་ལ་གློག་ཀླད་རྩིས་སྤྲོད་བྱེད་དགོས་སྐོར་བརྗོད་འདུག་ཀྱང༌། དེ་ལྟར་བྱེད་དགོས་བྱུང་ཡོད་མི་འདུག ཟེར།
འབྲོག་རུ་ཚུལ་ཁྲིམས་ལགས་འཇུ་བཟུང་བྱས་རྗེས་འབར་ཁམས་ཁུལ་དུ་ཁྲིད་དེ་ཡུལ་དེར་བཀག་ཉར་བྱས་འདུག་ལ། དེ་བཞིན་འབྲོག་རུ་ཚུལ་ཁྲིམས་ལགས་ཀྱི་ལས་རོགས་གྲྭ་སྐལ་བཟང་ཚུལ་ཁྲིམས་འབོད་པ་ཚེས་༢༠ཉིན་བཟུང་ཡོད་འདུག
གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། ད་ལྟའི་ཆར་ཁོང་གཉིས་འཇུ་བཟུང་བྱེད་དོན་གྱི་ཞིབ་ཕྲའི་རྒྱུ་རྐྱེན་ཅི་ཡིན་ཤེས་རྟོགས་བྱུང་མེད་ཀྱང༌། ཁོང་གཉིས་ཀྱིས་ཟླ་གཅིག་ཙམ་གྱི་ཡར་སྔོན་དུ་སྐྱེ་རྒུ་མདོའི་ས་ཡོམ་གོད་ཆགས་ཐད་མྱ་ངན་རྩོམ་ཡིག་བསྡུ་བའི་གསལ་བསྒྲགས་ཤིག་སྤེལ་ཡོད་པ་རེད། ཟེར། གཞན་ཡང་འབྲོག་རུ་ཚུལ་ཁྲིམས་ལགས་ལོ་སྔོན་མའི་ཟླ་༤ཚེས་༢ཉིན་དཔྱད་བརྗོད་རྩོམ་ཡིག་ཅིག་བྲིས་པར་རྐྱེན་བྱས་ཏེ་བཟུང་རྗེས་ཟླ་གཅིག་རིང་བཀག་ཉར་བྱས་མྱོང་ཡོད་འདུག