རྒྱ་ནག་གིས་དམག་དཔུང་བཏང་སྟེ་བོད་མིར་མུ་མཐུད་དྲག་གནོན།
མཐའ་མའི་བསྐྱར་བཅོས། (༢༢༢༠༠༨༢༣༡༩)
ཤམ་བྷ་ལའི་ཕོ་ཉའི་དྲ་བས་ཟླ་༡༢ཚེས་༡༥ཉིན་སྤེལ། བོད་ཀྱི་ཨ་མདོ་མཚོ་སྔོན་ཁོངས་ཀྱི་ཤང་དང་གྲོང་གསེབ་ཀྱི་སློབ་གྲྭ་མང་ཆེ་བ་རྒྱ་ནག་གཞུང་གིས་སྒོ་རྒྱག་བཞིན་ཡོད་པ་དང་སྒེར་བདག་སློབ་གྲྭ་བཙུགས་ཡོད་པ་རྣམས་ཀྱང་སྒོ་རྒྱག་དགོས་པའི་བཀའ་རྒྱ་བཏང་དང་གཏོང་བཞིན་པ། མུ་མཐུད་བོད་མི་རྣམས་འཇུ་བཟུང་བྱེད་བཞིན་ཡོད་པ་རེད། གང་ལྟར་རྒྱ་གཞུང་གིས་སྨན་ཁང་དང་སློབ་གྲ མཐའ་ན་རྒན་གསོ་ཁང་དང་བུ་གསོ་ཁང་ཚུན་ཆད་སྒོ་རྒྱག་པ་སྤྱི་བཏང་ཡིན་རུང་ཐེངས་འདིར་འབོར་ཆེན་པོ་དེ་འདྲ་ཞིག་སྒོ་དགོས་པའི་ངེས་ཅན་ཞིག་ཡོད་པ་གསལ་པོ་རེད། ཕྱི་ལོ་ ༢༠༠༨ ཕྱི་ཟླ་ ༡༡ ཚེས་ ༢༢ ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་བར་སྐོར་ནང་བཙུན་མ་བཞི་དང༌། ཕོ་གསར་འགས་བོད་དུ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གདན་ཞུ་བྱེད་དགོས་པ་དང༌། བོད་ནང་འགྲོ་བ་མིའི་ཐོབ་ཐང་དགོས་ལུགས་སོགས་ཞི་རྒོལ་གྱི་རྣམ་པའི་ཐོག་ནས་སྐད་འབོད་བྱས་ཡོད་ཅིང༌། འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ་སྐད་འབོད་བྱས་མ་ཐག་རྒྱ་ནག་གི་དྲག་ཆས་སྤྲས་པའི་ཉེན་རྟོག་སྐོར་སྲུང་བས་ཉེས་རྡུང་ཚད་ལས་བརྒལ་བར་བཏང་སྟེ་འཛིན་བཟུང་ཡང་བྱས་ཡོད་པ་དང༌། བོད་ཀྱི་བཙུན་མ་དེ་དག་བཙུན་དགོན་གང་ནས་ཡིན་མིན་དང༌། བོད་ཀྱི་ཕོ་གསར་དེ་དག་ཀྱང་བོད་ཀྱི་ས་གནས་གང་ནས་ཡིན་མིན་ཤེས་རྟོགས་མེད་པ་རེད།
སྤྱིར་འདི་སྔོན་བོད་ས་ཡོངས་རྫོགས་སུ་བོད་དོན་ཆེད་ཞི་བའི་ངོ་རྒོལ་ཞུས་ཏེ་བོད་བརྒྱ་ཕྲག་མང་པོའི་ཚེ་སྲོག་ལེགས་གཅེས་སུ་ཕུལ་ཡོད་ཅིང༌། ད་དུང་སྟོང་ཚོ་མང་པོས་ཆེས་སྡུག་བཙུབ་ཆེན་པོའི་འོག་མནར་གཅོད་རིགས་འདྲ་མིན་ཞིག་ཉིན་མཚན་ལྟོས་མེད་མྱངས་དང་སྨྱོང་བཞིན་ཡོད་ལ། རྒྱ་མིས་དེ་རྗེས་ཞི་འཇམ་བཏང་ཟིན་ཡོད་ཁུལ་དང་ཞི་རྒོལ་ནང་དུ་ཞུགས་མཁན་ཡོངས་རྫོགས་འཇུ་བཟུང་གིས་ནག་ཉེས་ལ་གཞིགས་པའི་ཁྲིམས་ཆད་གཏོང་བཞིན་ཡོད་སྐོར་བརྒྱུད་ལམ་ཁག་ཏུ་དྲིལ་བསྒྲགས་ཤུགས་ཆེན་བྱས་ཡོད་པ་རེད། ཟླ་བ་འགའ་ཤས་སོང་རྗེས་སུ་བོད་བོད་མི་ཧ་ཅད་མང་པོ་གཞི་ནས་འཛིན་བཟུང་བཀག་ཉར་བྱེད་འགོ་བྲཙམས་ཡོད་པ་རེད། དེ་ནི་མི་མང་གིས་བོད་ས་ཡོངས་སུ་ལས་འགུལ་སྤེལ་བའི་རྗེས་ནས་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་གང་སར་ཉུལ་ཞིབ་དང་སྔོག་བཤེར་གྱི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་བརྩམས་ཡོད་འདུག་ལ། དེའི་ཁྲོད་བོད་མིའི་ཁྱིམ་ཚང་མི་རེ་ངོ་རེའི་ནང་དུ་གསང་བའི་སྒོ་ནས་བཙན་འཛུལ་བྱས་ཏེ་གློག་ཀླད་དང་ཁ་པར་ཚུན་ཆད་རྟག་ཞིབ་ནན་པོ་བྱས་དང་བྱེད་བཞིན་ཡོད་པ་རེད།
དེ་བཞིན་ལྷ་ས་གྲོང་ཁྱེར་ཁུལ་དུ་བོད་མི་སླར་ཡང་འཛིན་བཟུང་བྱ་འགོ་ཚུགས་ཡོད་ལ། ཕྱི་ཟླ་ ༡༠ པ་དང་ ༡༡ པའི་ཚེས་ཤར་ནས་ལྷ་ས་གྲོང་ཁྱེར་ཁུལ་དུ་གནས་པའི་འབྲེལ་ཡོད་གསང་བའི་སྡེ་ཚན་དང་སྤྱི་བདེ་ལས་བྱེད་པ་ཟེར་བས་མཉམ་འབྲེལ་ཐོག་བོད་མིའི་མི་སྣ་ཁག་ཅིག་གློ་བུར་དུ་རང་ཁྱིམ་ནས་འཛིན་བཟུང་བྱས་མུས་ཀྱི་གནས་ཚུལ་ཐོན་བཞིན་འདུག་ཀྱང༌། གློ་བུར་དུ་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་ཁ་གསལ་མེད་པ་མ་ཟད་མུ་མཐུད་བཀག་ཉར་འོག་གནས་མུསཡིན་པས་ཛ་དྲག་གི་གནས་སྟངས་འོག་ལུས་ཡོད་པ་རེད།
གཞན་ཡང་༢༠༠༨ ཕྱི་ཟླ་ ༡༡ པའི་ཚེས་ཤར་ནས་ལྷ་ས་གྲོང་ཁྱེར་ཁུལ་དུ་སྒེར་གཉེར་སློབ་གྲྭ་ཁག་ཅིག་ལ་གྲོང་ཁྱེར་ལྷ་སའི་འབྲེལ་ཡོད་ཚན་པས་ཞིབ་འཇུག་བྱ་འགོ་ཚུགས་པའི་ཁུངས་ལྡན་གྱི་གནས་ཚུལ་འབྱོར་བར་གཞིགས་ན། བོད་ཀྱི་རྒྱལ་ས་ལྷ་ས་དང་ཁུལ་གནས་བོད་མྀའི་སྒེར་གཉེར་སློབ་གྲྭ་མང་ཆེ་བ་རིམ་པས་སྒོ་རྒྱག་བཅུག་རྒྱུའི་འཆར་གཞི་སྤེལ་བཞིན་པ་དང༌། དེ་དང་ཕྱོགས་མཚུངས་མཚོ་སྔོན་ཁུལ་དང༌། ཁམས་དཀར་མཛེས་ཁུལ་དུའང་སྒེར་གཉེར་སློབ་གྲྭ་དང་སྨན་ཁང་ཆུང་གྲས་ཁག་སྒོ་རྒྱག་རྒྱུའི་འཆར་གཞི་ཡོད་པ་རེད་འདུག དེའི་དམིགས་ཡུལ་གཙོ་བོ་ནི་བོད་མི་བསམ་ཤེས་ཅན་ཁག་ཅིག་ནས་མི་མང་སྤྱིའི་བདེ་རྩར་དམིགས་པའི་ལས་གཞི་བརྩམས་པར་རྒྱ་ནག་གཞུང་ནས་ཆབ་སྲིད་ཀྱི་དམིགས་ཡུལ་ཡོད་པའི་དོགས་གཞི་བྱས་ཏེ་སྒོ་བརྒྱབ་འཆར་ཡོད་པའི་གནས་ཚུལ་ཐོན་བཞིན་པ་མ་ཟད། ཕྱི་ཟླ་ ༡༢ ཚེས་ ༡ ཉིན་དཀར་མཛེས་རྫོང་ཁུལ་དུ་ཡོད་པའི་སློབ་ཕྲུག་གི་ཕ་མ་སོགས་རྒན་གཞོན་བར་གསུམ་ནས་བློ་ཕམ་དང་སྦྲགས་མ་སྐུལ་དང་བླངས་ཀྱིས་རྫོང་སྲིད་གཞུང་ལ་སྨན་ཁང་དང་སློབ་གྲྭ་དེ་དག་སྒོ་བརྒྱབ་ན་མི་འགྲིག་པའི་ཞུ་སྙན་ཕུལ་ཡོད། འོན་ཀྱང་དེ་ལས་ལྡོག་སྟེ་ས་གནས་རྫོང་སྲིད་གཞུང་ནས་དུས་ཚོད་ངེས་མེད་ཐོག་དྲག་ཆས་དམག་མི་སྐོར་སྐྱོད་བྱེད་དུ་བཅུག་པ། དཀར་མཛེས་དགོན་སོགས་ཁུལ་གནས་དགོན་སྡེ་ཕལ་མོ་ཆེའི་དགེ་འདུན་པ་འདུ་སྐོང་བྱས་ཏེ་འོས་ལངས་མུ་མཐུད་འགོག་ཐབས་ཀྱི་གཏམ་བཤད་དང༌། དགོན་པའི་འདུ་ཁང་ཉམས་གསོ་དང་མཆོད་རྟེན་གསར་རྒྱག་སོགས་རྒྱ་ནག་གཞུང་གི་ལྟ་རྟོག་འོག་གནས་དགོས་ཚུལ། གྲྭ་བཙུན་ཚོས་ཟིང་ཆ་སློང་མི་ཆོག་པ། གྲྭ་བཙུན་རྣམས་ལ་ལག་དེབ་གསར་བཟོ་དགོས་པ་སོགས་ཆབ་སྲིད་ཀྱི་བཙན་བཀའི་གཉའ་གནོན་འོག་ཉིན་མཚན་འཁྱོལ་དཀའ་བར་གནས་མུས་ཡིན་པ་རེད།།
| བརྗོད་གཞི་གཞན་ཁག་ལ་གཟིགས། |
|---|
|
http://www.tibetexpress.net/bo/editorial-column
http://www.tibetexpress.net/bo/world/629-2009-01-05-11-50-11