བུད་མེད་དགེ་རྒན་ཞིག་ལ་དུས་ཡུན་ལོ་༡༥ཁྲིམས་ཐག་བཅད་པ།

 པར་འདེབས།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༥ཚེས་༡༤ཉིན། བཙན་བྱོལ་བོད་གཞུང་གི་དྲ་ཚིགས་སུ་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་ ༢༠༠༨ ལོ་དཀྱིལ་དུ་བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་གཏོགས་ནག་ཆུ་ས་ཁུལ་ས་གནས་སློབ་ཆུང་གི་དགེ་རྒན་ཟུར་པ་ལྷ་མོ་སྐྱབས་ལགས། ཆབ་སྲིད་ཀྱི་ལས་དོན་སྤེལ་བའི་དོགས་གཞིའི་འོག་ནག་ཆུ་ས་ཁུལ་འབྲི་རུ་རྫོང་ཤག་ཆུ་ཁའི་འབྲོག་གསར་སྒེར་པའི་སློབ་གྲྭ་ཞིག་ལ་དགེ་རྒན་བྱས་ཏེ་ཉིན་གསུམ་པའི་མཚན་མོ་གློ་བུར་རྒྱ་གཞུང་འབྲེལ་ཡོད་གསང་བའི་ཚན་པས་འཛིན་བཟུང་བྱས་ཡོད་འདུག

སྐབས་དེར་རས་ནག་པོ་ཞིག་མགོ་ལ་གཡོག་སྟེ་ནག་ཆུ་ས་ཁུལ་དུ་ཡོད་པའི་ཁྱིམ་ལ་འཁྲིད་ཡོད་པ་དང༌། གསང་བའི་མི་སྣ་དེ་དག་གིས་ཁྱིམ་དུ་གང་སར་བསྔོག་བཤེར་བྱས་རྗེས། ཁང་པ་སྲུང་སྟེ་བསྡད་ཡོད་པའི་གཉེན་ཉེ་བུ་མོ་གཉིས་ལ་གསལ་བཤད་གང་ཡང་མ་བྱས་པར་ཐད་ཀར་ལྷ་ས་གྲོང་ཁྱེར་གསང་ཡིབ་ཁུལ་དུ་ཡོད་པའི་གསང་བའི་ལྟ་སྲུང་ཁང་དུ་འཁྲིད་དེ་བཀག་ཉར་འདྲི་བརྩད་བྱས་ཡོད། དེ་ལྟར་དུས་ཡུན་ལོ་གཉིས་མ་ཟིན་ཙམ་གསང་བའི་ལྟ་སྲུང་ཁང་དུ་བཀག་ཉར་འདྲི་བརྩད་བྱས་རྗེས་ཁྲིམས་ལུགས་ཀྱི་འགྲོ་ལུགས་གང་ཡང་མེད་པར་གསང་བའི་ལྟ་སྲུང་ཁང་དེའི་ནང་ཕྱི་ལོ་ ༢༠༡༠ ཟླ་ ༡ ཚེས་ཤར་ལ་དུས་ཡུན་ལོ་ངོ་ ༡༥ དུས་བཀག་བཙོན་འཇུག་གི་ཐག་གཅོད་བྱས་པའི་གནས་ཚུལ་ཐོན་ཡོད་པ་དང༌། ཁྲིམས་ཐག་བཅད་རྗེས་བཙོན་ཁང་གང་དུ་བསྐྱལ་ཡོད་མེད་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ད་ལྟའི་ཆར་ཁ་གསལ་གང་ཡང་ཤེས་རྟོགས་མེད་པར་གྱུར་ཡོད། ལྷ་མོ་སྐྱབས་ལགས་ནི། ནག་ཆུ་ས་གནས་སྙན་པ་ཚང་གི་ཁྱིམ་དུ་སྐྱེས་པ་དང༌། ཕ་མིང་ལ་དོན་གྲུབ་ཟེར་ཞིང༌།

ཁྱིམ་དུ་མིང་སྲིང་གསུམ་ཡོད་པའི་ནང་ནས་ཁོང་ནི་བུ་མོ་གཅིག་པུ་དེ་ཡིན་ལ་ཁོང་ཆུང་དུས་ནག་ཆུ་ས་གནས་སློབ་ཆུང་དང་སློབ་འབྲིང་དུ་སློབ་གཉེར་གནང་བ་དང༌། མཐར་ནག་ཆུ་ས་ཁུལ་དགེ་འོས་སློབ་གྲྭ་ནས་མཐར་ཕྱིན་རྗེས་ཕྱི་ལོ་ ༡༩༨༢ ནས་བཟུང་ནག་ཆུ་ས་གནས་སློབ་ཆུང་དང་པོའི་བོད་རྒྱ་རྩིས་གསུམ་གྱི་དགེ་རྒན་ཞབས་ལོ་ ༢༥ ཙམ་ཞུས་རྗེས་ཕྱི་ལོ་ ༢༠༠༧ ལོའི་ནང་ལས་བསྒྱུར་ངལ་གསོ་ཞུས་ཡོད་པ་དང༌། སློབ་གྲྭའི་ནང་ཞབས་ཞུའི་རིང་ཏང་ནང་ཞུགས་མེད་པར་བརྟེན་གོ་གནས་སྤྲད་མེད་ཀྱང་རྒྱུན་གཏན་ས་ཁུལ་སློབ་གསོ་ཅུས་དང་ཁྱབ་ཁོངས་སློབ་གྲྭའི་བློ་འདྲིའི་མི་སྣ་གལ་ཆེན་ཞིག་དང༌། བོད་ཀྱི་རིག་གཞུང་དང་གོམས་གཤིས་ལ་མཐོང་ཆེན་གྱིས་བོད་རིགས་སློབ་མ་རྣམས་ལ་སློབ་གསོའི་ཞབས་འདེགས་ལྷག་བསམ་རྣམ་དག་གིས་ཞུ་མཁན་ཞིག་ཡིན་པར་བརྟེན་ནག་ཆུ་ས་ཁུལ་གྱི་ལས་བྱེད་དང༌། མང་ཚོགས། ལྷག་པར་སློབ་ཕྲུག་གི་ཕ་མ་སོགས་ནས་ཆ་འཇོག་བྱ་ཡུལ་གྱི་མི་སྣ་གལ་ཆེན་ཞིག་ཀྱང་ཡིན་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།



བརྗོད་གཞི་གཞན་ཁག་ལ་གཟིགས།