དེ་རིང་ནི་མྱ་ངན་གྱི་ཉིན་མོ་ཡིན།
ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༢༡ཉིན། ད་ནང་ཞོགས་པར་རྒྱ་ནག་པེ་ཅིང་གི་ཆུ་ཚོད་༡༠ཐོག་ས་ཡོམ་ཁྲོད་བོད་མི་སྟོང་ཕྲག་ཁ་ཤས་འདས་གྲོངས་སུ་ཕྱིན་པར། རྒྱ་ནག་རྒྱལ་ཡོངས་དང་གཞན་ཡང་འཛམ་གླིང་གང་སར་གནས་པའི་རྒྱ་ནག་གི་གཞུང་ཚབ་བཅས་ནས་ཀྱང་མྱ་ངན་གུས་འདུད་བྱས་ཡོད་པ་རེད།
དེ་ཡང་བོད་མི་རིགས་ཀྱི་ཚབ་ཆེ་བའི་གོད་ཆགས་ཀྱི་དུས་ཚིགས་ཤིག་ཏེ། འདི་ལོ་སྤྱི་ཟླ་༤པའི་ཚེས་༡༤ཉིན། སྒ་སྐྱེ་དགུ་མདོར་འབྱུར་བ་སའི་གནོད་པས་རྡུང་རྡེབ་ཚབ་ཆེན་འོག མི་ཤི་ཁྱིམ་སྟོང་གི་གནས་སུ་གྱར་ནས་བདུན་ཚིགས་གཅིག་འཁོར་བའི་ཉིན་མོ་སྟེ། ཟླ་འདིའི་ཚེས་༢༡ཉིན་རྒྱ་ནག་མི་མང་སྤྱི་འཐུས་རྒྱལ་ཁབ་ཟེར་བའི་རྒྱ་ནག་རྒྱལ་ཡོངས་སུ་མྱ་ངན་གྱི་ཉིན་མོ་ཞིག་ཏུ་གཏན་འབེབས་བྱས།
སྐབས་དེར་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་སྲིད་འཛིན་ཧུའུ་ཅིང་ཐའོ་དང༌། རྒྱ་ནག་དམར་ཤོག་གཞུང་གི་མཐོ་རིམ་དཔོན་རིགས་༨ཀྱིས་གཙོས། གཞུང་གི་དབང་འཛིན་པ་དང༌། ལས་བཟོ་བ། དམག་མི། སློབ་གྲྭ། མི་སེར་བཅས་ཀྱིས་མཁའ་དབྱིངས་སུ་སྒྲེང་པའི་སྐར་ལྔའི་དར་དམར་དེ་ཕྱེད་ཙམ་ཕབ་ནས། དུས་ཚོད་སྐར་མ་༣རིང༌། ཁུ་སིམ་གྱིས་ཚེ་སྲོག་ཤོར་བའི་བོད་མི་རྣམས་ལ་མྱ་ངན་གུས་འདུད་བྱེད་པའི་ཚུལ་བྱས།
གཞན་ཡང་ཕྱི་རྒྱལ་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁག་ནས་ཀྱང་དེ་མཚུངས་སུ་མྱ་ངན་གུས་འདུད་བྱས་པ་དང༌། སྐབས་དེར་དུས་ཚོད་སྐར་མ་༣རིང་འགྲིམ་འགྲུལ་ཡོངས་སུ་འཚམས་འཇོག་བྱས་ཡོད་འདུག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བའི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།