མདོ་སྨད་རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་གི་སློབ་མ་ཚོས་ངོ་རྒོལ།
ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༡༨ཉིན། ཟླ་འདིའི་ཚེས་༡༤ཉིན་མདོ་སྨད་རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་གི་སློབ་མ་༢༥ཙམ་ཞིག་གིས་རྨ་ཆུ་རྫོང་ཐོག་ཏུ་ངོ་རྒོལ་སྐད་འབོད་བྱས་སྐབས། གཞན་བོད་མི་༥༠༠ལྷག་ཙམ་མཉམ་ཞུགས་བྱས་པའི་ནང་ནས་ཁྱོན་ཞི་རྒོལ་༤༠ལྷག་ཙམ་རྒྱ་མིས་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག
ཟླ་འདིའི་ཚེས་༡༤ཉིན། མདོ་སྨད་རྨ་ཆུ་རྫོང་དུ་བོད་རིགས་སློབ་འབྲིང་ཞིག་གི་སློབ་མ་༢༥ཙམ་རྫོང་ཐོག་ཏུ་ཡོང་ནས། བོད་རང་བཙན་ཡིན། ༧རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོགས། རྒྱ་མི་བོད་ནས་ལོག་དགོས་ཡོད་ཅེས་སྐད་འབོད་དང༌། རླུང་རྟ་གཏོར་བ་སོགས་ངོ་རྒོལ་བྱས་སྐབས། གཞན་ཡང་བོད་མི་མང་པོ་མཉམ་ཞུགས་ཀྱིས་སྐབས་དེར་ཁྱོན་ཞི་རྒོལ་བ་མི་གྲངས་༥༠༠ལྷག་ཙམ་བྱུང་ཡོད་འདུག་པ་དང༌། དེ་རྗེས་ཆུ་ཚོད་༡ཙམ་གྱི་རྗེས་སུ་ཞི་རྒོལ་བ་ཚང་མ་ཉེན་རྟོག་པ་དང་དམག་མིས་མཐའ་སྐོར་ནས་ཉུང་མཐར་ཡང་མི་གྲངས་༤༠ཙམ་འཛིན་བཟུང་བྱས་ཡོད་འདུག
གསུམ་བཅུའི་ཡར་ལངས་དུས་དྲན་དང་གསུམ་གཅིག་བཞི་ཞི་རྒོལ་གྱི་ཉིན་མོ་ཁེལ་ལ་ཉེ་བའི་སྐབས་དེར་རྒྱ་ནག་གཞུང་གིས་རྨ་ཆུ་རྫོང་གི་སྲང་ལམ་དུ་ཉེན་རྟོག་པ་དང་དམག་མི་མང་པོ་འགྲེམས་འཇོགས་ཀྱིས་དམ་དྲག་ཆེན་པོ་འོག ཁ་པར་དང་དྲ་རྒྱ་ཚང་མ་སྒོ་བརྒྱབ་ནས་ཕྱི་ཕྱོགས་སུ་འབྲེལ་བ་མེད་པ་བཟོས་ཡོད་འདུག་ལ། ད་ལྟའི་ཆར་རྫོང་ཐོག་དང་ས་ཆ་གཡས་གཡོན་གང་སར་བོད་མི་ལས་རྒྱ་གཞུང་གི་ཉེན་རྟོག་པ་དང་དམག་མི་འགྲེམས་འཇོགས་བྱས་ཡོད་འདུག
རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་དེའི་ནང་ཁྱོན་སློབ་མ་༡༥༠༠ཙམ་ཡོད་འདུག་པ་དང༌། འདི་ལོ་སྤྱི་ཟླ་དང་པོའི་ནང་རྨ་ཆུ་བོད་རིགས་སློབ་འབྲིང་གིས་སློབ་མ་ཚོས་རྨ་ཆུ་ཁུལ་དུ་ཡོད་པའི་མ་ཎི་ཚོགས་པ་ཟེར་བ་དེ་ཚོ་དང་མཉམ་འབྲེལ་ཐོག བོད་མི་མཁས་དབང་ཁག་ཅིག་གདན་ཞུ་དང་༼བོད་མིའི་སྐྱིད་སྡུག་མཉམ་མྱོངས་༽ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཞིག་གོ་སྒྲིག་བྱས་ཡོད་འདུག་ཀྱང༌། དེ་ཡོད་རྒྱ་གཞུང་གིས་དབང་འཛིན་པ་ཚོས་ཆོག་མཆན་མ་སྤྲད་པས་མ་ཚད། སློབ་གྲྭའི་གུང་སེང་གི་དུས་ཚོད་མིན་ཡང་གུང་སེང་གཏོང་དགོས་པའི་བཀའ་རྒྱ་འོག རྨ་ཆུ་རྫོང་དུ་ཡོད་པའི་བོད་རིགས་སློབ་འབྲིང་དང་སློབ་ཆུང་གཉིས་ཀ་སྒོ་བརྒྱབ་ཡོད་འདུག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།