བོད་ཀྱི་གཞོན་སྐྱེས་གཞས་པ་བཀྲ་ཤིས་དོན་འགྲུབ་འཛིན་བཟུང༌།
ཤམ་བྷ་ལའི་ཕོ་ཉའི་དྲ་བས་སྤྱི་ལོ་༢༠༠༩ཟླ་༡༢ཚེས་༥ཉིན་སྤེལ། ཉེ་ཆར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། བོད་ཤར་ཕྱོགས་ཀྱི་གཞོན་སྐྱེས་གཞས་པ་གྲགས་ཅན་ཞིག་འཛིན་བཟུང་བྱས་ཡོད་འདུག ཁོང་ཉིད་འཛིན་བཟུང་བྱས་དོན་ནི་རྒྱ་ནག་གཞུང་གིས་ཁོང་གི་བཏོན་པའི་འོད་སྡེར་ནང་ངོ་ལོག་པའི་གཞས་ཚིག་ཡོད་ཚུལ་ཉེས་འཛུགས་བྱས་ཡོད་འདུག
ཁ་སང་དགོང་མོར་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ནང་གཞས་པ་བཀྲ་ཤིས་དོན་གྲུབ་ཁོང་ཉིད་དེ་རུ་གསང་ཡིབ་བྱས་ནས་བསྡད་སྐབས། སྟབས་མ་ལེགས་པ་ཞིག་ལ་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག་པས་མ་ཚད། དེ་རྗེས་ཁོང་གི་རོལ་དབྱངས་ཀྱི་འོད་སྡེ་སོགས་ཀྱང་བཀག་འགོག་བྱས་ཡོད་འདུག
ལོ་ན་༣༠ཙམ་སོན་པའི་ཆེད་མཁས་གླུ་པ་ཁོང་གིས་ཟླ་སྔོན་མར་ཁ་བྱང་དུ་༼རྗེས་ཤུལ་མེད་པའི་རྡུང་རྡེབ་༽ཞེས་པའི་གཞས་ཞིག་གསར་རྩོམ་བྱས་ཡོད་འདུག་པ་དང༌། ཡང་ཁོང་གིས་༧གོང་ས་མཆོག་དང་ན་ནིང་བོད་ཀྱི་རྒྱལ་ས་ལྷ་ས་རུ་བོད་མི་རྣམས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་ཟིང་འཁྲུག་དེ་དག་ཕྱི་དྲན་ཆེད་ཁྱོན་གཞས་སྣ་༡༣ཙམ་སྟོན་ཡོད་འདུག
ཁོང་གིས་མདོ་སྨད་སོགས་བོད་ཤར་ཕྱོགས་ཀྱི་ས་ཁུལ་ཁག་ཏུ་ཁྱོན་སྙན་གཞས་འོད་སྡེར་༥༠༠༠ཙམ་གང་མགྱོགས་འགྲེམས་སྤེལ་བྱས་ཡོད་འདུག ཁོང་ནི་ས་གནས་དེར་སྐད་གྲགས་ཡོད་པའི་གླུ་པ་ཞིག་ཡིན་འདུག་པ་དང༌། ཐེངས་ཤིག་རྒྱ་ནག་དབང་འཛིན་པ་ཚོས་བཀག་འགོག་ཀྱང་བྱས་ཡོད་འདུག
ཁོང་ནི་མཚོ་ལྷོ་ནང་སོག་རང་སྐྱོང་ཁུལ་གྱི་སྒྱུ་རྩལ་ཟློས་གར་ཚོགས་པའི་ཚོགས་མི་ཞིག་ཡིན་འདུག་པ་དང༌། ཟླ་བ་གཉིས་ཙམ་གྱི་སྔོན་དུ་འཆང་ས་བརྒྱབ་ཡོད་འདུག དེ་རྗེས་མཚོ་ལྷོ་དབུས་གཞུང་གིས་ཁོང་ཉིད་འཛིན་བཟུང་བྱ་རྒྱུའི་བཀའ་རྒྱ་གཏོང་སྐབས། ཁོང་ཉིད་གསང་ཡིབ་ཏུ་ཕྱིན་ཡོད་འདུག།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བའི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་ཞུས།།