བོད་མི་ལྔར་ལོ་༢ནས་༥བར་བཙོན་འཇུག་ཁྲིམས་ཐག་བཅད་འདུག

 པར་འདེབས།

༢༠༡༦ལོའི་ཟླ་༩ཚེས་༢༥ཉིན་སྤེལ། འདི་ག་གསར་ཁང་དུ་འབྱོར་བའི་གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་བོད་དོན་ལས་འགུལ་སྤེལ་བའི་ཉེས་མིང་འོག་གསེར་རྟ་རྫོང་གི་བོད་མི་ལྔར་ལོ་གཉིས་ནས་ལོ་ལྔ་དང་ཟླ་དྲུག་བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༡ཉིན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཉག་ཆུ་རྫོང་ཁྲིམས་ཁང་གིས། ཕ་ཡུལ་གསེར་རྟ་ནས་ཡིན་པའི་རྩོམ་པ་པོ་གངས་སྐྱེས་སྒྲུབ་པ་སྐྱབས་དང༌། བསམ་འགྲུབ། གཡུ་སྦྲང༌། དྲན་གསལ། ཤེལ་རྒྱལ་བཅས་བོད་མི་ལྔ་ལ་བོད་དོན་ལས་འགུལ་སྤེལ་མཁན་དང༌། “ དམར་ཤོག་རྒོལ་ལན་ཚོགས་པ ” ཞེས་པའི་ཚོགས་མི་ཡིན་པའི་ཉེས་མིང་འོག་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག ཅེས་གནས་ཚུལ་མཁོ་སྤྲོད་པས་འགྲེལ་བརྗོད་གནང་སོང༌།

རྒྱ་ནག་གཞུང་གིས་ ༢༠༡༢ ལོའི་ཟླ་ ༢ ཚེས་ ༡༥ ཉིན་རྩོམ་པ་པོ་གངས་སྐྱེས་སྒྲུབ་པ་སྐྱབས་ལགས་འཛིན་བཟུང་བྱས་ཏེ་ད་ལྟའི་བར་བཀར་ཉར་བྱས་རྗེས། ཟླ་འདིའི་ཕྱི་ཚེས་ ༡ ཉིན་བོད་དོན་ལས་འགུལ་སྤེལ་བའི་ཉེས་མིང་འོག་ལོ་ ༥ དང་ཟླ་ ༦ དུས་བཀག་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག་ལ། ཁོང་ནི་དཀར་མཛེས་ཁུལ་གསེར་རྟ་རྫོང་རགས་བཀྲམ་ཡུལ་ཚོའི་གེ་འཕེན་སྡེ་བ་ནས་ཡིན་པ་དང༌། ཡུལ་ཚོའི་སློབ་ཆུང་དང་གསེར་རྟ་རྫོང་སློབ་འབྲིང། དཀར་མཛེས་རྫོང་དགེ་འོས་སློབ་གྲྭ་བཅས་སུ་སློབ་ཐོན་བྱུང་རྗེས། བརྡར་ཚང་དང་ཧོར་ཤུལ་ཡུལ་ཚོ་གཉིས་ཀྱི་སློབ་གྲྭ་རུ་སྔ་རྗེས་དགེ་རྒན་གནང་ཡོད་འདུག

ཁོང་འཛིན་བཟུང་བྱེད་སྐབས་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་བྲག་མགོ་རྫོང་ཁོངས་སུ་གསར་འཛུགས་གནང་བའི་སློབ་གྲྭ་ཞིག་ཏུ་དགེ་རྒན་གྱི་ལས་ཀ་བྱེད་ཀྱི་ཡོད་པ་དང༌། ཁོང་གིས་དེ་སྔོན་ལས་ཞོར་དུ་རྩོམ་ཡིག་མང་པོ་བྲིས་ཏེ་དེབ་ཁག་ཅིག་ཀྱང་འགྲེམས་སྤེལ་བྱས་ཡོད་པ་མ་ཟད། ༢༠༠༨ ལོར་ ༼ས་བྱི་ཁྲག་བྲིས་དམར་པོ༽ ཞེས་པའི་དཔེ་དེབ་ཅིག་ཀྱང་བརྩམས་ཡོད་འདུག

བསམ་འགྲུབ་ལགས་ནི། དཀར་མཛེས་ཁུལ་གསེར་རྟ་རྫོང་མགོན་མཆོག་སྡེ་བ་ནས་ཡིན་པ་དང༌།  ༢༠༡༢ ལོའི་ཕྱི་ཟླ་ ༦ ཚེས་ ༡༣ ཉིན་རྒྱ་གཞུང་གིས་ཁོང་བོད་དོན་ལས་འགུལ་སྤེལ་བའི་ཉེས་མིང་འོག་འཛིན་བཟུང་བྱས་ཏེ་ད་བར་བཀག་ཉར་བྱས་རྗེས། ཟླ་འདིའི་ཕྱི་ཚེས་ ༡ ཉིན་ལོ་ ༥ བཙོན་འཇུག་ཁྲིམས་ཐག་བཅད་འདུག ཁོང་ད་ལྟ་རང་ལོ་ ༣༢ ཡིན་འདུག་ལ། ཕ་མིང་ལ་བསོད་ནམས་རྒྱལ་ཟེར་གྱི་ཡོད་འདུག  

གཡུ་སྦྲང་ལགས་བསམ་འགྲུབ་ལགས་དང་དུས་མཉམ་དུ་འཛིན་བཟུང་བྱས་ཡོད་པ་དང༌། ཉེ་ལམ་རྒྱ་གཞུང་གིས་གཡུ་སྦྲང་ལ་ལོ་ ༢ ཀྱི་ཁྲིམས་ཆད་དང༌། དེ་བཞིན། དྲན་གསལ་ལ་ལོ་ ༣ ། ཤེལ་རྒྱལ་ལ་ལོ་ ༢ བཅས་ཀྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་འདུག་པ་བཅས།

གསར་འགོད་པ་བསྟན་འཛིན་ནོར་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།



བརྗོད་གཞི་གཞན་ཁག་ལ་གཟིགས།