choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


ཁམས་སྟོང་འཁོར་གྱི་ཞི་རྒོལ་བ་ཞིག་བཙན་བྱོལ་དུ་ཕེབས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉའི་དྲ་བས་སྤྱི་ལོ་༢༠༠༩ཟླ་༡༡ཚེས་༢༨ཉིན་སྤེལ། གུས་པ་སྟོང་འཁོར་དགོན་གྱི་གྲྭ་རྡོ་རྗེ་རིན་ཆེན་ནི། དཀར་མཛེས་རྫོང་སྟོང་འཁོར་ཆུས་བསོ་ཐོག་མདའ་ཤང༌། རྩེ་ར་གྲོང་ཚོ་ནས་ཕ་དོན་འགྲུབ་དཔལ་ལྡན་དང༌། མ་འཇམ་དབྱངས་ལྷ་མོ་གཉིས་སུ་ཕྱི་ལོ་ ༡༩༩༡ ཟླ་ ༡༡ ཚེས་ ༡༥ ཉིན་སྐྱེས་ཤིང༌། ད་སྐབས་རང་ལོ་༡༨མ་ཟིན་རྩམ་ཞིག་ཡིན། སྤྱི་ལོ་ ༢༠༠༨ ཟླ་ ༤ ཚེས་ ༣ དང་བོད་ཟླ་ ༢ ཚེས་ ༢༧ ཉིན་གྱི་ཕྱི་དྲོ་སྟོང་འཁོར་དགོན་གྱི་དགེ་འདུན་པའི་སྣེ་ཁྲིད་དེ་ས་གནས་རྒྱ་གཞུང་ཚན་པའི་ལས་ཁུངས་ཀྱི་སྒོ་འགྲམ་དུ་སེར་སྐྱ་མི་མང་ ༧༠༠ ལྷག་མཉམ་འཛོམས་ཀྱིས་ཞི་བའི་ངོ་རྒོལ་བྱེད་སྐབས། ཕྲན་ཡང་མཉམ་ཞུགས་ཀྱིས་༼རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་བོད་རང་བཙན་གཙང་མ་ཡིན། བོད་ཀྱི་བདག་པོ་བོད་མི་ཡིན། ༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་རང་ཡུལ་གངས་ཅན་ཞིང་དུ་མྱུར་དུ་བཞུགས་གདན་འཇགས་དགོས། དགེ་བཤེས་ལགས་གཙོས་པའི་ཆབ་སྲིད་བཙོན་པ་རྣམས་མྱུར་དུ་གློད་བཀྲོལ་གཏོང་དགོས།༽ཞེས་སོགས་ཀྱི་འབོད་ཚིག་སྒྲོག་བཞིན་ངོ་རྒོལ་ཤུགས་ཆེར་བྱེད་སྐབས། རྒྱ་དམར་དྲག་ཆས་ཉེན་རྟོག་པ་དང་དམག་མིས་དྲག་གཉོན་གྱི་གང་བྱུང་གིས་མེ་མདའ་སྦག་སྦག་སོགས་མི་ལ་ཁ་གཏད་དེ་བརྒྱབ་རྐྱེན་ཞི་རྒོལ་བ་སེར་སྐྱ་མི་གྲངས་ ༡༤ ཙམ་རྐྱེན་འདས་སུ་བཏང་བ་དང༌། མི་གྲངས་ ༨༣ ཙམ་ལ་མེ་མདའ་འོག་རྨས་སྐྱོན་ཕོག་པ། ཞི་རྒོལ་སྐབས་ས་གནས་དེར་འཛིན་བཟུང་བྱས་པའམ་གནོད་དོན་དེའི་རྐྱེན་གྱིས་རིམ་པའི་འཛིན་བཟུང་བྱས་པ་མི་གྲངས་ ༡༢ ཙམ་བཙན་ཁྲིད་ཀྱིས་མི་སྤྱོད་ལས་འདས་པའི་རྡུང་རྡེག་འོག་ལོ་འཁོར་གཅིག་ཙམ་གྱི་རིང་བཙོན་དུ་བཀག་ཉར་བྱས་པའམ། དུས་བཀག་བཙོན་འཇུག་གིས་ཁྲིམས་ཐག་བཅད་དེ་མུ་མཐུད་བཙོན་དུ་བཀག་ཉར་བྱ་མུས་ཡིན་པ་སོགས་མདོ་དབུས་ཁམས་གསུམ་གྱི་ཡུལ་ལུང་གཞན་དང་གཙིག་མཚུངས་ཡིན།

སྟོང་འཁོར་ཁུལ་གཅིག་པོར་དམར་གཞུང་ནས་བཙན་གནོན་ཇི་ལྟར་བྱས་དང་བྱེད་མུལ་ཡིན་པའི་སྐོར་རབ་ཙམ་ཞུས་ན།

ཕྱི་ལོ་ ༢༠༠༨ ལོའི་ ༣༠ དུས་དྲན་ནས་བཟུང་མདོ་དབུས་ཁམས་གསུམ་གང་ས་ནས་རྒྱ་དམར་གཞུང་གི་སྲིད་བྱུས་ལ་མི་འདོད་རྣམ་འགྱུར་བསྟན་པ་དང༌། ཞི་བའི་རྔམ་སྟོན་ཁྲོམ་སྐོར་བྱས་པ་ནས་བཟུང་སྟོང་འཁོར་ཁྱོན་ཡོངས་དང༌། ལྷག་པར་དུ་སྟོང་འཁོར་དགོན་པ་ལ་དམག་དཔུང་ཤུགས་ཆེར་མངགས་གཏོང་བྱས་ཏེ་དགོན་པའི་ཕ་རོལ་བུད་ཐོག་ཐང་ཞིང་ཁའི་ནང་དགོན་པ་དང༌། ཡུལ་མི་སོགས་ལ་སྡིག་སྐུལ་གྱིས་དམག་རྩལ་སྦྱོང་བ་དང་གནམ་ལ་མེ་མདའ་གྲངས་མེད་འཕེན་པ། ལྷག་པར་དུ་གཡུལ་འགྱེད་པ་ལྟ་བུའི་གྲ་སྒྲིག་གིས་དགོན་པའི་དགེ་འདུན་པ་ཚོ་སྡོད་བཟོད་མི་བདེ་བ་བཟོས་པ་མ་ཚད། དམག་མི་དེ་དག་ལ་ཁྱིམ་ཚང་རེ་ནས་འཕྲལ་དུ་ཤིང་རྒྱ་མ་བརྒྱ་རེ་འབུལ་དགོས་པའི་བཙན་བཀའ་བཏང་ཀྱང་མི་ཚང་རེ་གཉིས་ལས་སྤྲད་མཁན་བྱུང་མི་འདུག དེ་རྗེས་ཕྱི་ཟླ་ ༤ ཚེས་ ༡ དང་ཚེས་ ༢ བཅས་སུ་རྒྱ་གཞུང་གི་ལས་བྱེད་འགའ་ཤས་དགོན་པའི་དབུ་འཛིན་རྩར་སླེབས་ནས། དགོན་པ་ནས་རྒྱལ་གཅེས་ཆོས་གཅེས་ཟེར་བའི་ལས་འགུལ་ལ་རྒྱབ་སྐྱོར་དང༌། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུ་དགོས་པ། མི་རིགས་ཁ་བྲལ་རིང་ལུགས་པ་ཚོར་ལ་ངོ་རྒོལ་བྱེད་དགོས་པ་སོགས་ཀྱི་ནང་དོན་འཁོད་པའི་ཡིག་ཆའི་སྟེང་ས་རྟགས་འགོད་དགོས་ཚུལ་བཤད་འདུག་ཀྱང༌། བཙན་བཀའ་ལ་དང་ལེན་མ་བྱས་པ་དང༌། ལྷག་པར་༧སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག ངེད་ཅག་བོད་མི་རྣམས་ཀྱི་འདི་ཕྱི་གཉིས་ཀྱི་སྐྱབས་མགོན་ཡིན་པས་དུས་ནམ་ཡང་མཚན་སྨད་ཞུ་ཐུབ་པ་མི་འདུག དེ་ལས་སྟོང་འཁོར་ཁུལ་གྱི་སེར་སྐྱ་མི་མང་རྣམས་ཀྱིས་སྲིད་གཞུང་ལ་ངོ་ལོག་ཤུགས་ཆེར་མི་ཡོང་བའི་འབད་བརྩོན་གང་ཐུབ་བྱེད་རྒྱུ་ཡིན་ཞེས་གསུངས་པར། རྒྱ་དཔོན་དེས་ཁྲོ་ཉམས་ཀྱིས་ཁྱོད་ཚོ་ཡར་ལངས་དགོས་ཀྱི་ཡོད། ང་ཚོ་ལ་ཁ་གཏད་དགོས་ཀྱི་ཡོད། ཁྱོད་སྟོང་འཁོར་བ་ཚོར་ཁ་ཤས་བསད་ན་མ་གཏོགས་གླགས་འཁེལ་གྱི་མ་རེད། ཅེས་སོགས་བཤད་དེ་སྐབས་དེར་ཅི་བྱ་གཏོལ་མེད་ཀྱིས་ཕྱིར་ལོག་བྱས་ཡོད་འདུག

ཉིན་དེའི་ཕྱི་དྲོར་དགོན་ པ་དང་དགོན་པའི་ཉེ་འགྲམ་བཅས་ནས་ཕྱི་ཕྱོགས་སུ་གནས་ཚུལ་མཁོ་སྤྲོད་བྱ་མི་ཐུབ་པ་བཟོས་ཏེ་ནང་གི་ཁ་པར་དང༌། ལག་ཁྱེར་ཁ་ར་སོགས་ལ་དམ་བསྒྲགས་ཀྱིས་ཟླ་བ་གཉིས་ཙམ་གྱི་རིང་བེད་སྤྱོད་མེད་པ་བཟོས་སོང༌། ཚེས་༣ཉིན་གྱི་ཞོགས་པ་ཆུ་ཚོད་༤ཙམ་ནས་སྟོང་འཁོར་དགོན་དུ་སྔར་ལས་ལྷག་པའི་དྲག་ཆས་དམག་མི་དང་ཉེན་རྟོག་པ་སོགས་རླངས་འཁོར་ཆེ་ཆུང་ཁྱོན་བསྡོམས་༩༨ཙམ་ནང་དམག་མི་ཚོད་རྩིས་བྱས་ན། ༤༠༠༠ ཙམ་འབྱོར་ཏེ་དགོན་པའི་རྒྱབ་རི་དང་མདུན་རི་སོགས་ཕྱོགས་བཞི་མཚམས་བརྒྱད་མཐའ་སྐོར་གྱིས་མེའི་ཁ་དགོན་པར་གཏད་ནས་འཇོག་པ་དང༌། རྒྱང་གྲགས་ནས་མི་སུ་ཡིན་རུང་ཕྱིར་ཐོན་ན་མེ་མདའ་རྒྱག་རྐྱང་ཡིན་ཟེར་སྐད་འབོད་ཤུགས་ཆེར་རྒྱག་གིན་འདུག ཆུ་ཚོད་ ༨ ཙམ་ནས་འགོ་འཛུགས་ཀྱིས་དྲག་ཆས་དམག་མི་ལྔ་དྲུག་རེའི་ལག་ཏུ་མེ་མདའ་དང་གློག་རྒྱུགས་སོགས་ཐོགས་ཏེ་གྲྭ་ཤག་རེ་རེ་བཞིན་བཙན་འཛུལ་ཀྱིས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང༌། སྟོང་འཁོར་ཞབས་དྲུང་རིན་པོ་ཆེ་གཉིས་ཀྱི་སྐུ་པར་ཡོད་ཚད་ས་ལ་རྡབ་ནས་རྡོག་རྫིས་གཏང་བ་སོགས་བྱེད་སྐབས། རྣམ་འགྱུར་ཡག་པོ་ཡོད་མེད་ལ་བསྙད་འདོགས་བྱས་ཏེ་དགེ་འདུན་པ་མང་པོ་ཞིག་ལ་རྡུང་རྡེག་ཚབས་ཆེན་བཏང་འདུག་པ་དང༌། དགུང་ལོ་ ༧༤ ལ་སོན་པའི་སྟོང་འཁོར་དགོན་པའི་དགེ་བཤེས་ཚུལ་ཁྲིམས་བསྟན་འཛིན་མཆོག་དང༌། མི་སྐྱ་ཚུལ་ཁྲིམས་ཕུན་ཚོགས་གཉིས་འཛིན་བཟུང་གིས་བཙན་ཁྲིད་བྱས་སོང༌།

མི་སྐྱ་ཚུལ་ཁྲིམས་ཕུན་ཚོགས་འཛིན་བཟུང་བྱ་དོན་ནི། ཁོང་དགོན་པའི་ཉེ་འགྲམ་དུ་ཡོད་པའི་བསྭོ་ཐོག་མདའ་གྲོང་ཚོ་ནས་ཡིན་ཞིང༌། ཁོང་གི་གྲོང་རོགས་སྐལ་པོའི་ཁྱིམ་དུ་ཉེན་རྟོག་པས་བསྔོག་བཤེར་བྱེད་སྐབས། སྐལ་པོ་ཡིས་བཀག་འགོག་བྱས་རྐྱེན་ཉེས་རྡུང་གིས་ཟླ་བ་གཉིས་ཙམ་གྱི་རིང་སྨན་ཁང་དུ་བསྡད་དགོས་བྱུང་འདུག་ལ། ཚུལ་ཁྲིམས་ཕུན་ཚོགས་ཁོང་སྐབས་དེར་ཉེ་འགྲམ་དུ་ཡོད་པའི་རྐྱེན་གྱིས་འཛིན་བཟུང་གིས་བཙན་ཁྲིད་བྱས་པ་ཞིག་རེད་འདུག དགོན་པའི་འདུ་ཁང་སོགས་སུ་བསྔོག་བཤེར་གྱིས་འདུ་ཁང་ནང་དུ་ཡོད་པའི་སྟོང་འཁོར་ཞབས་དྲུང་རིམ་བྱོན་གྱི་ཞལ་ཐང་ཆེན་མོའི་གཡས་གཡོན་གཉིས་སུ། ༧གོང་ས་མཆོག་དང༌། པཎ་ཆེན་རིན་པོ་རྣམ་གཉིས་ཡོད་པ་དེ་བཙན་འཕྲོག་བྱས་པ་དང༌། ཞལ་ཐང་དེ་ནས་འགྲ་བཤུས་བྱས་པ་གྲྭ་ཤག་ཁག་ཏུ་ཡོད་པ་སོགས་ཁྱོན་བསྡོམས་རྩྭ་རས་ ༢༢ ཙམ་བཙན་ཤེད་ཀྱིས་འཕྲོགས་བཅོམ་བྱས་ཏེ་ཉེ་འཁོར་དུ་ཡོད་པའི་སློབ་གྲྭའི་དགེ་རྒན་སོགས་ལ་དབོར་འདྲེན་བྱས་བཅུག་པ་དང༌། དགོན་པའི་ཕ་རོལ་གྱི་བུད་ཐོག་ཐང་ཟེར་བའི་ཞིང་ཁའི་ནང་དུ་མེར་བསྲེགས་བཏང་སྟེ། སྐབས་དེར་གནམ་གཤིས་གྲང་མོ་ཡོད་སྟབས་དམག་མི་རྣམས་ཀྱིས་ལག་པ་བསྲོ་སར་བྱས་ཡོད་འདུག མ་ཚད་དམག་མི་རྣམས་ཀྱིས་སོ་སོའི་གཏམ་གོས་དང་གོ་གནས་སོགས་ཀྱི་ཆེད་དགོན་པ་ནས་འཕྲོག་བཅོམ་བྱས་པའི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང༌། སྟོང་འཁོར་ཞབས་དྲུང་རིན་པོ་ཆེ་རྣམ་གཉིས་ཀྱི་སྐུ་པར་སོགས་རྡོག་བརྫིས་བཏང་སྟེ། གློག་བརྙན་པར་ལེན་བྱས་པ་དང༌། པར་རྒྱག་པ་སོགས་བོད་མི་རྩམ་གཟན་ཡོད་དོ་ཅོག་གིས་བཟོད་ཐབས་བྲལ་བའི་བརྙས་བཅོས་བཏང་ནའང༌། དྲག་ཆས་ཉེན་རྟོག་པ་དང་དམག་མིས་དམ་བསྒྲགས་ཤུགས་ཆེར་བྱེད་བཞིན་ཡོད་སྟབས་སྐབས་དེར་ཅི་བྱ་གཏོལ་མེད་ཆགས།

དེ་རྗེས་གྲྭ་ཤགྷ་སོགས་གང་སར་བསྔོག་བཤེར་ཚར་ནས་ཉིན་རྒྱབ་ཆུ་ཚོད་ ༤ ཡས་མས་ཤིག་ལ་དགོན་པ་ནས་མཁར་རྔ་བརྡུང་སོང་བ་དང༌། འཕྲལ་དུ་དགེ་འདུན་པ་ཡོངས་རྫོགས་ཆོས་རྭ་ལ་འདུ་འཛོམས་བྱུང་ཐོག་དགོན་པའི་དབུ་འཛིན་ནས་ཕྱི་ཟླ་ ༤ ཚེས་ ༡ དང་ ༢ བཅས་སུ་རྒྱ་མིའི་ལས་བྱེད་འགའ་དགོན་པའི་བདག་གཉེར་ཁང་དུ་སླེབས་སྟངས་སོགས་གསུངས་པ་དང་སྦྲགས། ཁྱེད་རང་རྣམས་ཀྱི་གང་འདྲ་བྱེད་དགོས་མིན་རང་སོ་སོས་བསམ་བློ་གཏོང་དགོས་ལུགས་གསུང་བྱུང༌། སྐབས་དེར་དགེ་འདུན་པའི་ཁོངས་ནས་གྲྭ་འགའ་རེ་ཡར་ལངས་ཏེ། དམར་གཞུང་ནས་ང་ཚོ་རང་ས་བསྡོད་མི་བཅུག་པར་བཙན་ཤེད་འདི་འདྲ་བྱས་ན། ད་ནི་རང་སྲོག་འདོར་དགོས་བྱུང་ཡང་འགྱོད་པ་མེད་ཅེས་གསུང་པ་བཞིན། དགེ་འདུན་ཡོངས་ཀྱིས་མགྲིན་གཅིག་དབྱངས་གཅིག་གིས་མང་ཆེ་བ་ངུ་ངག་གི་ཆོས་རྭ་མ་ཚོགས་པར། དགོན་པའི་ཕ་རོལ་བུད་ཐོག་ཐང་དུ་ཡོད་པའི་རྒྱ་མིའི་ལས་ཁུངས་ཀྱི་སྒོ་འགྲམ་དུ། ༧གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག དགེ་བཤེས་ལགས་གཙོས་པའི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་གཏོང་དགོས། ཞེས་སོགས་འབོད་ཚིག་སྒྲོ་བཞིན་ཕྱིན་སྐབས། རྒྱ་མིའི་ལས་བྱེད་པ་ཞིག་གིས་ཁྱོད་རང་ཚོ་ཕར་ལོག་ན་དགེ་བཤེས་ཁོང་གཉིས་ལ་སྐད་ཆ་ཁ་ཤས་འདྲི་ནས་གློག་བཀྲོལ་གཏང་ཆོག ཅེས་བཤད་ཀྱི་འདུག་ཀྱང་དགོན་པར་ཕྱིར་ལོག་མ་བྱས་པར་ས་གནས་དེར་ནས་ཚུར་དོགས་ཙམ་ཡོང་སྟེ། ཟམ་པའི་འགྲམ་ལ་བསྡད་ནས་ཞི་རྒོལ་གྱི་འབོད་ཚིག་འདྲ་མིན་སྒྲོག་བཞིན་ཆུ་ཚོད་ ༨ ཡས་མས་བར་བསྡད་ནའང༌། དགེ་བཤེས་ལགས་ཁོང་གཉིས་གློག་བཀྲོལ་མ་བཏང་སྟབས། སླར་ཡང་རྒྱ་གཞུང་ལས་ཁུངས་ཀྱི་སྒོ་འགྲམ་དུ་ངོ་རྒོལ་བྱེད་མཁན་ཕྱིན་པ་ཡིན། སྐབས་དེར་དྲག་ཆས་ཉེན་རྟོག་པ་དང་དམག་མིས་ཞི་རྒོལ་བ་རྣམས་ཀྱི་ཕྱོགས་སུ་གསུམ་ནས་མཐའ་སྐོར་ཏེ་མེ་མདའ་སྦག་སྦག་སོགས་མི་ལ་ཁ་གཏད་ནས་རྒྱག་སོང་བ་དང༌། མདུན་གྲལ་གྱི་མི་ཁ་ཤས་ལ་མེ་མདའི་མདེའུ་ཐེབས་ཏེ་ས་ལ་རིལ་པ་མཐོང་བ་ཙམ་ལས་སྐབས་དེར་ས་རུབ་པ་ཡིན་ཙང་མི་དེ་དག་སུ་ཡིན་མིན་གསལ་པོ་མ་བྱུང༌།

སྐབས་དེར་ཞི་རྒོལ་བར་བར་མཚམས་མེད་པ་མེ་མདའ་སྦག་སྦག་སོགས་ཤུགས་ཆེར་རྒྱག་སྟབས། ཞི་རྒོལ་བ་རྣམས་ཁ་ཐོར་དུ་ཕྱིན་ནས་བྲོས་འགྲོ་སྐབས་རྒྱབ་ཕྱོགས་ནས་ད་དུང་མཚམས་མ་ཆད་པར་མུ་མཐུད་དེ་མེ་མདའ་རྒྱག་སྟེ། ཕྲན་གྱི་དཔུང་པ་གཡས་པའི་རྒྱབ་ཕྱོགས་ནས་མདེའུ་ཞིག་ཕོག་སྟེ་རང་དབང་མེད་པར་ས་ལ་རིལ་སོང༌། ས་ལ་རིལ་རྗེས་སུ་ཡང་མུ་མཐུད་དེ་མེ་མདའ་རྒྱག་བཞིན་ཡོད་སྟབས་ཉེ་འགྲམ་གྱི་ས་རྣམས་གནམ་ལ་གཏོར་ཏེ། ལག་པ་དང་མགོ་སོགས་སུ་སའི་གང་སོང་ལ། དེ་རྗེས་ཤུགས་རྒྱག་སྟེ་ཡར་ལངས་ནས་འགྲམ་དུ་ཡོད་པའི་ཤིང་སྡོང་ཅིག་གི་རྒྱབ་ལ་ཡིབ་ཙམ་བྱས་པ་ཡིན། སྐབས་དེར་ངའི་ཉེ་འགྲམ་དུ་ཡོད་པའི་བུད་མེད་གཅིག་ལ་མེ་མདའ་ཐེབས་ཏེ་ས་ལ་རིལ་ནས་ཁོང་གི་སྤུན་མཆེད་ཞིག་གིས་ངུ་སྐད་བརྒྱབ་པ་སོགས་མཐོང་བྱུང༌། ཁོང་ལ་རོགས་ཤིག་བཟོ་དགོས་བསམ་ནའང་ཕྲན་ལའང་མེ་མདའ་ཐེབས་རྐྱེན་རྨ་ནས་ཁྲག་ཤུགས་ཆེན་ཐོན་པ་སོགས་ལ་བརྟེན་གཟུགས་པོར་ཤུགས་མེད་པ་ཆགས་སྟབས་ཅི་བྱ་གཏོལ་མེད་ཆགས་སོང༌། མུ་མཐུད་དེར་དོགས་ཙམ་ཡིབ་ནས་སྡོད་ཀྱང་ཛ་དྲག་ཇི་ཆེར་ཕྱིན་སྟབས། ད་ནི་འདིར་སྡོད་ཀྱང་ཤི་བ་ལས་ཐབས་ཤེས་གཞན་མི་འདུག དེ་ལས་བྲོས་ཨེ་ཐུབ་བལྟ་ན་ཡག་ས་རེད་བསམ་ནས་ཆུ་ངོགས་བརྒྱུད་ཟམ་པའི་སྒང་ནས་བྲོས་བྱོལ་དུ་ཡོང་ཐུབ་ཙམ་ཞིག་བྱུང༌།

རྗེས་སུ་གླེང་སློང་བྱས་ཏེ་རིམ་པར་ཤེས་རྟོགས་བྱུང་བར། ཉིན་དེའི་དགོང་མོ་རྒྱ་དམར་ནས་ཁྱོན་མི་གྲངས་ ༡༤ ཙམ་རྐྱེན་འདས་སུ་བཏང་ཡོད་ཚོད་འདུག་པ་རིམ་པར་གཤམ་དུ་འགོད་རྒྱུ། ༡༽བྱུ་རུ་མདའ་གྲོང་ནས་ཡིན་པ་སྟོང་འཁོར་དགོན་གྱི་དགེ་སྐོས་ཚེ་དབང་རིག་འཛིན། ༢༽མཁའ་སྲུང་གྲོང་ནས་ཡིན་པ་གྲྭ་དཀོན་མཆོག་ཤེས་རབ། ༣༽རྦ་ལ་མདའ་གྲོང་ནས་ཡིན་པ་གྲྭ་ལྷུན་གོ། ༤༽རྦ་མདའ་གྲོང་ནས་ཡིན་གྲྭ་ཚེ་རིང་སྐལ་ལྡན། ༥༽ཙེ་ར་གྲོང་ནས་ཡིན་པའི་ཕྲན་གྱི་ཨ་ཞང་སྟོང་འཁོར་དགོན་གྱི་དབུ་ཟུར་ཐུབ་བསྟན་བཟང་ལྡན། ༦༽ཉ་ཁྲི་གྲོང་ནས་ཡིན་པ་གྲྭ་བློ་བཟང་རིན་ཆེན། ༧༽བསོྭ་ཐོག་མདའ་གྲོང་ནས་ཡིན་པའི་གྲྭ་ཆོས་འཛིན། ༨༽བསོྭ་ཐོག་མདའ་གྲོང་ནས་ཡིན་པའི་མི་སྐྱ་བུ་བུ་བདེ་ལེགས། ༩༽མཁར་སྲུང་གྲོང་ནས་ཡིན་པ་མི་སྐྱ་ཚེ་རིང་དོན་འགྲུབ།  ༡༠༽འབྲུ་ཡག་གྲོང་ནས་ཡིན་པ་མི་སྐྱ་ཚེ་རིང་དོན་འགྲུབ། ༡༡༽ཀུག་ར་གྲོང་ནས་ཡིན་པ་འབྲུག་ལོ། ༡༢༽ཙེ་ངོས་གྲོང་ནས་ཡིན་པའི་ཚེ་དབྱངས་སྐྱིད། ༡༣༽ཉ་ཁྲི་གྲོང་ནས་ཡིན་པ་མི་སྐྱ་བསོད་ནམས་ཚུལ་ཁྲིམས། ༡༤༽རྨོག་རན་གྲོང་ནས་ཡིན་པའི་ཀུན་བཟང་ཆོས་སྒྲོན་བཅས་ཁྱོན་མི་གྲངས་ ༡༤༽འདས་གྲོངས་སུ་ཕྱིན་འདུག་པ་དང༌། དེའི་ནང་ནས་ཀུན་བཟང་ཆོས་སྒྲོན་གྱི་ཕ་ཚངས་མགོན། བུ་མོ་འདས་གྲོངས་སུ་ཕྱིན་པའི་སེམས་སྡུག་གིས་སྨྱོན་པ་ལྟར་གྱུར་ནས་སྟོང་འཁོར་སྟོད་སྨད་སོགས་ས་ཕྱོགས་གང་སར་རྒྱུགས་ཏེ་མཐར་ཟླ་ཤས་རྗེས་སུ་དྲག་སྐྱེས་མ་བྱུང་བར་ཚེ་ལས་འདས་སོང༌།

རྐྱེན་འདས་སུ་བཏང་བའི་ཁོང་ནས་ཕྲན་གྱི་ཤེས་གསལ་བྱུང་བ་གྲྭ་བློ་བཟང་རིན་ཆེན་ལྟར་བུ་ལ་ཆ་མཚོན་ན། ཞི་རྒོལ་སྐབས་མདུན་གྲས་སུ་ཡོད་པ་དང༌། རྒྱ་དམར་ནས་མེད་མདའ་རྒྱག་སྐབས་ཁོང་གི་ལག་གཉིས་གཡུགས་གཡུགས་བྱས་ཏེ་མེ་མདའ་རྒྱག་ན་ང་ལ་རྒྱག་རོགས། ཅེས་སྐད་འབོད་བྱས་སྐབས་ཁོང་གི་དཔྲལ་བར་མདེའུ་གཅིག་ཐེབས་ཏེ་དམར་གསོད་བཏང་ཡོད་འདུག མ་ཚད་མི་སྐྱ་བུ་བུ་བདེ་ལེགས་ལ་མེ་མདའ་ཐེབས་ཏེ། ས་ལ་རིལ་པ་ཁོང་གི་ཚ་བོས་མཐོང་སྐབས། རྒྱབ་ཏུ་འཁུར་ནས་ཚུར་དོགས་ཙམ་སླེབས་འདུག་ནའང་ལམ་ཕྱེད་ཙམ་ནས་ཚ་བོའི་སྒལ་པའི་སྟེང་དུ་ཚེ་ལས་འདས་འདུག དེ་བཞིན་ཚེ་ངོས་ཚང་གི་བུ་མོ་ཚེ་དབྱངས་སྐྱིད་ལའང་མེ་མདའ་ཐེབས་ནས་དབུགས་འགྲོ་ལ་ཉེ་སྐབས་སྤུན་མཆེད་ཞིག་གིས་སྒལ་པར་ཁུར་ནས་ཚུར་དོགས་ཙམ་སླེབས་སྐབས་འདས་གྲོངས་སུ་ཕྱིན་འདུག་པ་དང༌། ཁོ་རང་ཡར་རྒྱ་དམག་གི་ལག་ཏུ་ཐེབས་གྲབས་བྱས་རྐྱེན་ཕུང་པོ་མི་བཞག་ཐབས་མེད་བྱུང་ཡོད་འདུག གོང་གསལ་ཕྲན་གྱི་ཨ་ཞང་སྟོང་འཁོར་དགོན་གྱི་དབུ་ཟུར་ཐུབ་བསྟན་བཟང་ལྡན་ནི། ཞི་རྒོལ་དུ་ཕར་འགྲོ་སྐབས་ཕྲན་དང་མཉམ་པོ་ཡོད་ཀྱང་ཕྱིར་ལོག་མ་བྱུང་བ་དང༌། དེ་ནས་བཟུང་ད་བར་བཙོན་ཁང་སོགས་གང་སར་རྩད་ཞིབ་བྱས་རྐྱེན་རྙེད་སོན་མ་བྱུང་བ་སོགས་ལ་བརྟེན། ཡུལ་མི་སོགས་ཀུན་གྱིས་རྐྱེན་འདས་སུ་སོང་བའི་ཁོངས་རྩིས་ཏེ་འདས་པོ་རྗེས་ཀྱི་མཆོད་འབུལ་སོགས་བྱས་ཟིན། སྐབས་དེར་སྤྱིར་སྟངས་རྨས་སྐྱོན་ཕོག་པ་མི་གྲངས་ ༨༣ ཙམ་ཡོད་པ་གོ་ཐོས་བྱུང་།

འོན་ཀྱང་ཕྱིས་སུ་ཕྲན་གྱིས་མིག་མཐོང་ལག་སོན་བྱུང་བ་སེར་སྐྱ་མི་གྲངས་ ༡༤ ཙམ་ཡོད་པ་ནི། ༡༽བྱུ་རུ་མདའ་གྲོང་ནས་ཡིན་པའི་གྲྭ་སྐལ་འབུང་གི་གཟན་ལ་མདེའུ་ཤུལ་ཨི་ཁུང་ ༡༦ ཕུག་འདུག་པ་དང༌། ཁོང་རང་གི་མཁུར་ཚོས་ལ་མེ་མདའི་མདེའུ་གཅིག་ཕོག་པ་ལས་སྲོག་སྐྱོན་གང་ཡང་བྱུང་མི་འདུག ༢༽སྟོང་འཁོར་བྱུང་རུ་མདའ་གྲོང་ནས་ཡིན་པའི་གྲྭ་ཐུབ་བསྟན་དགེ་ལེགས་ཀྱི་རྐང་པར་མདེའུ་གཅིག་ཕོག་འདུག ༣༽སྒོ་མང་གྲོང་ནས་ཡིན་པའི་གྲྭ་ཉི་མའི་རྣ་ཅོག་ལ་མདེའུ་གཅིག་ཕོག་འདུག ༤༽ཙེ་ངོས་གྲོང་ནས་ཡིན་པའི་མི་སྐྱ་ཚེ་བརྟན་ཕུན་ཚོགས་ཀྱི་གསང་གནས་ལ་མདེའུ་ཕོག་ནས་ད་ལྟར་ཡང་རྐང་པ་ཀྱོག་ནས་འགྲོ་དགོས་ཀྱི་འདུག ༥༽ཙེ་ངོས་གྲོང་ནས་ཡིན་པའི་མི་སྐྱ་ངག་དབང་ཚེ་རིང་གི་རྐང་པ་ལ་མདེའུ་གཅིག་ཕོག་སྟེ། མདེའུ་ནང་དུ་ལྷག་སྟབས་སྨན་ཁང་དུ་འགྲོ་སྟབས་བདེ་བས། ནང་དུ་རྐང་པར་གྲིས་བཤག་ནས་མདེའུ་ཕྱིར་གཏོན་དགོས་བྱུང་བ་སོགས་ཀྱི་གནས་ཚུལ་བྱུང་འདུག ༦༽ཉ་ཁྲི་གྲོང་ནས་ཡིན་པའི་གྲྭ་མཁས་མཆོག་གི་ལག་པའི་གྲུ་མོ་ལ་མདེའུ་གཅིག་ཕོག་སྟེ་མདེའུ་མདུན་དུ་ཐོན་འདུག ༧༽འོ་ཟླ་གྲོང་ནས་ཡིན་པའི་ལུ་གུ་དགོན་གྱི་གྲྭ་པད་མ་རྒྱལ་མཚན་གྱི་ལག་པའི་གྲུ་མོའི་འགྲམ་དུ་མདེའུ་གཅིག་ཕོག་འདུག ༨༽རྨོག་རན་གྲོང་ནས་ཡིན་པའི་གྲྭ་ངག་དབང་རབ་གསལ་གྱི་རྐང་པའི་བྱིན་ཉྭ་ནས་མདེའུ་གཅིག་ཕོག་སྟེ་ངར་གདོང་ཕྱོགས་སུ་ཕུག་འདུག ༩༽ཐ་ཐོག་གྲོང་ནས་ཡིན་པའི་མི་སྐྱ་བཟང་པོའི་གཡས་གཡོན་གཉིས་ཀྱི་རྣ་ཅོག་འགྲམ་དུ་མདེའུ་གཉིས་ཐེབས་འདུག་རུང་སྲོག་ཉེན་བྱུང་མི་འདུག ༡༠༽ཙེ་ར་གྲོང་ནས་ཡིན་པའི་བཙུན་མ་ཡིན་ཏན་མཚོའི་ལག་པའི་གྲུ་མོ་མཚམས་སུ་མདེའུ་གཅིག་ཕོག་སྟེ། ད་ཆར་ལག་པའི་འཛུབ་མོ་ཁ་ཤས་ལ་བདེ་སྤྱོད་མེད་པ་བཟོ་འདུག ༡༡༽ཙེ་ངོས་གྲོང་ནས་ཡིན་པའི་སྒྲོན་མ་ཆོས་སྐྱིད་ཀྱི་དཔུང་པར་མདེའུ་གཅིག་ཐེབས་ཡོད་འདུག ༡༢༽བསྭོ་ཐོག་མདའ་གྲོང་ནས་ཡིན་པའི་མི་སྐྱ་བསྟན་གསལ་གྱི་རྐང་པར་མདེའུ་གཅིག་ཐེབས་འདུག ༡༣༽བསྭོ་ཐོག་མདའ་གྲོང་ནས་ཡིན་པའི་བུད་མེད་ཚུལ་ཁྲིམས་མཚོའི་རྐང་པའི་ཉྭ་ལ་མདེའུ་གཅིག་ཐེབས་ཏེ་མདེའུ་ངར་གདོང་ལ་ཐོན་འདུག་པ་དང༌། སྨན་བཅོས་སོགས་ཀྱི་མཐུན་རྐྱེན་མ་རག་སྟབས་མོའི་རྐང་པ་སྐྱོན་ཅན་དུ་ཆགས་ཟིནའདུག ༡༤༽ཙེ་ར་གྲོང་ནས་ཡིན་པའི་ཕྲན་རྡོ་རྗེ་རིན་ཆེན་གྱི་ཕྲག་པ་ལ་མདེའུ་གཅིག་ཕོག་སྟེ་ཤ་རྡོག་རྡོག་ཞིག་བཀོག་ཁར། སྨན་བཅོས་སོགས་ཀྱི་མཐུན་རྐྱེན་མ་རག་པ་ལོ་འཁོར་གཅིག་ཙམ་གྱི་རིང་བསམ་ཡུལ་ལས་འདས་པའི་ན་ཚ་དང་སྡུག་བསྔལ་མྱོང་དགོས་བྱུང༌།

ཞི་རྒོལ་སྐབས་ས་གནས་དེར་འཛིན་བཟུང་བྱས་པའམ། གནད་དོན་དེའི་རྐྱེན་གྱིས་རིམ་པའི་འཛིན་བཟུང་བྱས་པ་ནི། ༡༽འབྲུ་ཡག་གྲོང་ནས་ཡིན་པའི་ཐུགས་རྗེ་མཚོ་དང༌། ༢༽འབྲུ་ཡག་གྲོང་ནས་ཡིན་པའི་ཚེ་རིང་སྒྲོ་དཀར། ༣༽ཀུག་ར་གྲོང་ཚོ་ནས་ཡིན་པའི་བུ་མེད་བསྟན་ལམ། ༤༽འབྲུ་ཡག་གྲོང་ཚོ་ནས་ཡིན་པའི་མི་སྐྱ་རྡོ་རྗེ་རྒྱལ་མཚན། ༥༽འབྲུ་ཡག་གྲོང་ནས་ཡིན་པའི་མི་སྐྱ་ཡོན་ཏན་ནོར་བུ། ༦༽འབྲུ་ཡག་གྲོང་ནས་ཡིན་པའི་མི་སྐྱ་བློ་བཟང་འབྱུང་གནས། ༧༽ཉ་ཁྲི་གྲོང་ནས་ཡིན་པའི་ཡོན་ཏན་ལྷུ་གྲུབ། ༨༽ཉ་ཁྲི་གྲོང་ནས་ཡིན་པའི་པདྨ་རྣམ་རྒྱལ། ༩ རྨོག་རན་གྲོང་ནས་ཡིན་པའི་ཐུབ་བསྟན་ཤེས་རབ། ༡༠ ཙེ་ར་གྲོང་ནས་ཡིན་པའི་བླ་མ་དོནའགྲུབ་བཅས་རིམ་པས་འཛིན་བཟུང་གིས་བཙོན་འཇུག་བྱས་སོང༌། གོང་གསལ་བཞིན་དགོན་པར་བསྔོགས་བཤེར་བྱེད་སྐབས་འཛིན་བཟུང་བྱས་པའི་དགེ་བཤེས་ཚུལ་ཁྲིམས་བསྟན་འཛིན་ཁོང་དཀར་མཛེས་ལ་བཙན་ཁྲིད་བྱེད་སྐབས། ཁོང་གི་གྲོང་ཚོ་རྦ་ལ་མདའ་བརྒྱུད་ནས་འགྲོ་དགོས་ཀྱི་ཡོད་སྟབས། རྦ་ལ་མདའི་གྲོང་མི་རྣམས་ལམ་ནང་ཉལ་ཏེ་ངོ་རྒོལ་ཤུགས་ཆེ་བྱས་རྐྱེན་ཐབས་ཤེས་མ་བྱུང་བར་རང་འཇགས་ཤང་གི་ལས་ཁུངས་སུ་ཕྱིར་ལོག་གིས་ཉིན་ ༡༥ ཙམ་གྱི་རིང་བཀག་ཉར་བྱས་རྗེས་གློད་བཀྲོལ་ཐོབ་འདུག་པ་དང༌། དེ་བཞིན་བསོྭ་ཐོག་མདའ་གྲོང་ནས་ཡིན་པའི་མི་སྐྱ་ཚུལ་ཁྲིམས་བསྟན་ཕུན་ཚོགས་དཀར་མཛེས་བཙོན་ཁང་དུ་ཟླ་ཤས་རིང་བཀག་ཉར་བྱས་རྗེས་གློད་བཀྲོལ་བཏང་བ་སོགས་ཀྱི་གནས་ཚུལ་བྱུང༌།

ཕྱི་ལོ་ ༢༠༠༩ ལོར་སྟོང་འཁོར་ཟླ་ཉི་གཉིས་ཀྱི་ལོ་གསར་མ་བཏང་པ་དང༌། ས་ཞིང་འདེབས་ལས་མ་བྱས་པ་སོགས་མདོ་དབུས་ཁམས་གསུམ་གྱི་དཔའ་བོ་དཔའ་མོ་རྣམས་དང༌། གདུང་སེམས་མཉམ་སྐྱེས་ཇི་ལྟར་བྱས་པའི་སྐོར་འགོད་པ༌།

ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༥ དང་བོད་ཟླ་ ༡༢ པའི་ཚེས་ ༡༡ ཡས་མས་ཤིག་ལ་སྟོང་འཁོར་ཉ་ཁྲི་ཟམ་པའི་འགྲམ་སོགས་ས་གནས་གང་སར། བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཀྱིས་ཆེད་ད་ལོར་ལོ་གསར་མ་གཏོང་རོགས། ཅེས་སོགས་ཀྱི་ནང་དོན་འཁོད་པའི་སྦྱར་ཡིག་མང་པོ་སྦྱར་པར་བརྟེན། རྒྱ་གཞུང་ནས་དམ་བསྒྲགས་ཀྱིས། གལ་ཏེ་མི་སུས་ལོ་གསར་མ་གཏོང་ཚེ་དེ་ལ་ཉེས་ཆད་ནན་པོ་གཅོད་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་སོང་བ་དང༌། ཁྱབ་བསྒྲགས་བྱས་མིན་ལ་མ་ལྟོས་པར་ལོ་སར་གཏོང་མཁན་གཅིག་ཀྱང་བྱུང་མ་སོང༌། རྒྱ་དམར་གཞུང་ནས་བོད་མི་རྣམས་ཀྱི་ལོ་གསར་གཏོང་བཞིན་ཡོད་ཁུལ་བྱས་ཏེ། བོད་ཚེས་ ༡ ཉིན་གྱི་དགོང་མོར་རྒྱ་དམར་ཉེན་རྟོག་པ་མང་པོ་དགོན་པའི་ཕ་རོལ་གྱི་བུད་ཐོག་ཐང་ཞིང་ཁའི་དཀྱིལ་དུ་སླེབས་ནས་གནམ་ལ་ཤོག་སྦག་གྲངས་མེད་པ་འཕེན་པ་སོགས་བོད་མི་རྣམས་ཀྱིས་ལོ་སར་གཏོང་བའི་རྣམ་པ་རྫུན་བཟོ་བྱས་སོང༌།

ས་ཞིང་འདེབས་ལས་མ་བྱས་པར་ཆ་མཚོན་ན། སྟོང་འཁོར་སྟོད་སྨད་བར་གསུམ་གྱི་དབྱེ་བ་མེད་པ་ཚང་མ་ཁ་གཅིག་གྲགས་ཀྱིས། སྟོང་འཁོར་ཁུལ་དུ་རྒྱ་དམར་ནས་དམར་གསོད་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ཆེད། ས་ཞིང་འདེབས་ལས་བྱ་རྒྱུ་མིན་ཅེས་བཤད་པ་བཞིན། བོད་གངས་ཅན་གྱི་རྒྱལ་རབས་ལོ་རྒྱུས་སུ་གྲགས་མྱོང་མེད་པའི་བློས་བཏང་ཆེན་པོ་ཞིག་བྱས་ཏེ། ཏྲེ་ཧོར་ཁུལ་གྱི་ཡུལ་ལུང་གཞན་དང་གཅིག་མཚུངས་ཀྱིས་འདས་པོ་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང༌། དམར་གཞུང་གི་སྲིད་ཇུས་ལ་མི་འདོད་པའི་རྣམ་འགྱུར་བསྟན་ཆེད་སོ་ནམ་འདེབས་ལས་མ་བྱས་པར་དངོས་སུ་མཚམས་འཇོག་བྱས། དེ་ལ་དམར་གཞུང་ནས་དམ་བསྒྲགས་ཆེན་པོས་ལས་དོན་རུ་ཁག་གྲོང་སྡེ་གང་སར་མངགས་གཏོང་གིས། མི་མང་བསྡུ་སྐོང་བྱས་ཏེ་འཆར་ཟླའི་ཚེས་ ༡༡ ཉིན་གྱི་ཞོགས་པ་ཆུ་ཚོད། ༡༡ ནང་ཚུད་ཞིང་ལས་མ་བྱས་ཚེ། ས་ཞིང་ཡོད་ཚད་སྲིད་གཞུང་གི་ཡིན་པའི་གཞུང་བཞེས་གཏོར་རྒྱུ་ཡིན་པ་སོགས་ཀྱི་སྡིག་ར་སྐུལ་སོང༌། འོན་ཀྱང་རྒྱ་གཞུང་ནས་སྤྲད་པའི་དུས་བཀག་ནང་ཞིང་ལས་བྱས་མ་སོང་མོད། རྗེས་སུ་བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབུས་སྐུལ་མ་གནང་བར་བརྟེན། རིམ་བཞིན་ས་ཞིང་འདེབས་ལས་འགོ་འཛུགས་བྱས་སོང་ནའང་ཟླ་བ་གཅིག་ལྷག་དུས་ཚོད་ཕྱིར་འགྱངས་ཆགས་ཟིན་སྟབས། ནམ་རྒྱུན་བཞིན་སྟོན་ཐོག་ཡག་པོ་རག་མ་སོང་བ་དང༌། ལྷག་པར་ཞོག་ཁོག་སོགས་ཚལ་རིགས་རྣམས་འབྲས་བུ་མ་སྨིན་པ་གྱོང་གུད་ཆེན་པོ་ཐེབས་སོང༌། དེ་རྗེས་ཡུལ་མི་རྣམས་ལ་རྒྱ་གཞུང་ནས་མགོ་སྐོར་བསླུ་བྲིད་ཀྱིས་ཞི་རྒོལ་ནང་མ་ཞུགས་པའི་དུད་ཚང་རེའི་རྒྱ་སྒོར་ ༡༠༠༠ ཐམ་པ་རེ་ཡར་སྤྲོད་ན་རྒྱ་སྒོར་ ༣༠༠༠ རིན་བབས་ཀྱི་ཅ་དངོས་སྤྲོད་རྒྱུ་ཡིན་ཟེར་བ་སོགས་ཀྱི་གསལ་བསྒྲགས་བྱས་ཡོད་ཀྱང་དངོས་སུ་ལེན་མཁན་སུ་ཡང་བྱུང་མི་འདུག

མཐའ་དོན་རང་ཉིད་རྒྱ་གར་འཕགས་པའི་ཡུལ་དུ་བྲོས་བྱོལ་དུ་ཡོང་དགོས་དོན་ནི།

རྒྱ་གཞུང་ནས་དུས་ཚོད་ངེས་མེད་ཀྱིས་དགོན་པ་ནང་ལས་དོན་རུ་ཁག་སླེབས་ཏེ། དགེ་འདུན་མང་འདུ་སྐོར་གི ༡ རྒྱ་གཞུང་ལ་ངོ་ལོག་བྱེད་མཁན་གྱི་རིགས་རྣམས་དགོན་པར་སྡོད་མི་ཆོག་པ་དང༌། ༢ ཁ་བྲལ་རིང་ལུགས་པར་ངོ་རྒོལ་བྱ་མི་ཐུབ་ན་དགོན་པར་སྡོད་མི་ཆོག ༣ སྟོང་འཁོར་དགོན་དུ་དགེ་འདུན་པ་ ༣༠༠ ལས་ལྷག་སྡོད་མི་ཆོག་ཟེར་བ་སོགས་ཉིན་ལྟར་དོན་ཚན་མང་པོ་ཞིག་ཁྱབ་བསྒྲགས་བྱས་དང་བྱེད་མུས་ཀྱིས་བཀག་སྡོམ་ཤུགས་ཆེར་བྱེད་བཞོན་ཡོད་པ་དང༌། མ་ཚད་རང་ཉིད་ལྟ་བུར་ཆ་མཚོན་ན་སྟོང་འཁོར་ཞི་རྒོལ་ཆེན་མོའི་སྐབས་རྨས་སྐྱོན་ཕོག་པ་དང༌། ཞི་རྒོལ་ནང་མཉམ་ཞུགས་བྱས་པའི་གནས་དོན་རྣམས་རྒྱ་གཞུང་ནས་ཤེས་རྟོགས་བྱུང་མེད་པ་མ་གཏོགས། གལ་ཏེ་ཤེས་རྟོགས་བྱུང་ཚེ་དམར་གཞུང་ནས་འཛིན་བཟུང་བྱ་རྒྱུ་ཡིན་པ་གཏན་ཁེལ་ཆོག་པ་དཔེར་ན། གོང་གསལ་བཞིན་གནད་དོན་དེའི་རྐྱེན་གྱིས་འཛིན་བཟུང་བྱས་པའི་ཉ་ཁྲི་གྲོང་ནས་ཡིན་པའི་ཡོན་ཏན་ལྷུན་གྲུབ་དང༌། པདྨ་རྣམ་རྒྱལ། འབྲུ་ཡག་གྲོང་ནས་ཡིན་པའི་བློ་བཟང་འབྱུང་གནས། ཙེ་ར་གྲོང་ནས་ཡིན་པའི་བྷ་མ་དོན་འགྲུབ། འབྲུ་ཡག་གྲོང་ནས་ཡིན་པའི་རྡོ་རྗེ་རྒྱལ་མཚན་བཅས་རིམ་པར་འདིན་བཟུང་བྱས་པ་དེར་བལྟས་ན་ཤེས་གསལ་ཡིན། རྒྱུ་མཚན་དེ་དག་ལ་བརྟེན་དུས་ཚོད་རིང་ཐུང་ཞིག་མ་གཏོགས་རང་ཉིད་ཀྱང་རྒྱ་དམར་གྱི་ལག་ཏུ་ཐེབས་ངེས་ཡིན་པར་བསམ་ཏེ། ད་ནི་འདིར་བསྡད་པ་ལས་བཙན་བྱོལ་དུ་སླེབས་ཐུབ་ན། གཅིག་ནས་འདི་ཕྱི་གཉིས་ཀྱི་སྐྱབས་གནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཞལ་མཇལ་གསུང་ཐོས་ཡོང་བ་དང༌། གཉིས་ནས་རང་ཉིད་ཀྱི་བློ་དང་མཐུན་པའི་སློབ་གཉེར་བྱེད་སའི་གོ་སྐབས་ཡག་པོ་ཡོད་པ་བཅས་ལ་བརྟེན། སེམས་ཐག་གཙང་བཅད་ཀྱིས་རང་ཡུལ་སྟོང་འཁོར་ནས་ཁ་བྲལ་ཏེ་ལྷ་ས་དང༌། དེ་ནས་ལམ་ཁྲིད་མཁན་ཞིག་ལ་བལ་ཡུལ་སྣེ་ལེན་ཁང་བར་རྒྱལ་སྒོ་ ༡༥༠༠༠ ཐམ་པ་སྤྲོད་རྒྱུ་བྱས་ཏེ་བལ་ཡུལ་སྣེ་ལེན་ཁང་བར་བདེ་འབྱོར་བྱུང་བ་དང་༌། དེ་ནས་ཕྱི་ལོ་ ༢༠༠༩ ཟླ་ ༡༡ ཚེས་ ༧ ཉིན་བཞུགས་སྒར་དྷ་སའི་སྣེ་ལེན་ཁང་དུ་བདེ་འབྱོར་བྱུང་སོང་བ་བཅས།

གུས་པ་སྟོང་འཁོར་དགོན་གྱི་གྲྭ་རྡོ་རྗེ་རིན་ཆེན་གྱིས་ཕྱི་ལོ་ ༢༠༠༩ ཟླ་ ༡༡ ཚེས་ ༩ ཉིན།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།