བུ་མོ་ཞིག་རང་ཤི་བརྒྱབས་ཁུལ་གྱིས་བསད་པ་དང་མི་༥ལ་ཁྲིམས་ཆད།

 པར་འདེབས།

༢༠༡༦ལོའི་ཟླ་༧ཚེས་༡༤ཉིན་སྤེལ། འདི་ག་གསར་ཁང་དུ་འབྱོར་བའི་གནས་ཚུལ་ལ་གཞིགས་ན། བོད་ཀྱི་བུ་མོ་ཚེ་རིང་མཚོ་ཟེར་བར་ཉེན་རྟོག་པ་གཉིས་དང་སྤྲུལ་སྐུ་མིང་ཅན་བ་ཞིག་བཅས་ནས་བཙན་གཡེམ་བྱས་རྗེས་རྐེ་ལ་ཐག་པས་བསྡམས་ནས་ཟམ་ཐོག་ནས་མར་དཔྱང་ལ་བཏགས་ནས་རང་ཤི་བརྒྱབས་པ་ཡིན་ཁུལ་གྱིས་བསད་ཡོད་པ་དང༌། དེ་རྗེས་བོད་མི་སྐྱེས་པ་ལྔ་དོན་རྐྱེན་དེ་དང་འབྲེལ་བ་ཡོད་ཚུལ་བརྗོད་དེ་འཛིན་བཟུང་གིས་ལོ་༢དང་ཟླ་༦རེ་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

Tibet-Rape-Torture-China-police-2016དེ་ཡང་ཡོ་རོབ་ཡུལ་གྲུ་སུད་སིར་གནས་བཞུགས་བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་བོད་དོན་གློག་བརྙན་བཟོ་སྐྲུན་བ་མགོ་ལོག་འཇིགས་མེད་ལགས་ནས་ཟླ་འདིའི་ཚེས་༡༤ཉིན་མཁོ་སྤྲོད་གནང་བའི་གསར་གནས་སུ་གསལ་དོན། ༼ དེང་སྐབས་རྒྱ་དམར་གྱིས་བོད་ལ་བདེ་སྐྱིད་ཕུན་སུམ་ཚོགས་པ་བསྐྲུན་ཡོད་རབས་དང༌། རྒྱ་འོག་གི་བོད་མི་ཚོ་ལ་རང་དབང་བདེ་སྐྱིད་ཆེ་རབས་ཁྱབ་བསྒྲགས་བྱས་དང༌། བྱེད་བཞིན་ཡོད་ཀྱང༌། ད་དུང་རྒྱ་དམར་གྱི་དྲག་གནོན་འོག་ཡོད་པའི་ངེད་ཅག་བོད་ཆོལ་གསུམ་རྒྱ་ཆེའི་མང་ཚོགས་ཀྱི་དངོས་ཡོད་དཀའ་སྡུག་གི་གནས་སྟངས་གང་འདྲ་ཡིན་སྐབས་འདིར་དངོས་ཡོད་གནས་ཚུལ་དཔེ་མཚོན་གཅིག་གི་ལམ་ནས་འཛམ་གླིང་མི་མང་ལ་ང་ཚོས་ངོ་སྤྲོད་གསལ་བཤད་མ་བྱས་ཐབས་མེད་གྱུར་ཡོད།
༡༽ ད་དུང་མང་ཚོགས་ཀྱིས་དཀའ་སྡུག་ཚབས་ཆེན་མྱོང་བཞིན་པའི་ས་ཁུལ་ངོས་བཟུང་བ། རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་ལ་བཙན་འཛུལ་བྱས་ཏེ། བོད་ཡུལ་རྒྱ་དམར་སྲིད་གཞུང་གི་དབང་འོག་ཏུ་ཚུད་རྗེས་བོད་ཡུལ་རྒྱ་ཡུལ་དུ་བསྒྱུར་ཆེད་བོད་གངས་ཅན་དེ་དུམ་བུ་མང་པོར་བཅད་བགོས་སྣ་ཚོགས་ཀྱིས་རྒྱ་དམར་གྱི་ཞིང་ཆེན་མང་པོའི་ངོར་བཙན་སྦྱར་བྱས་ཡོད་ཀྱང༌། འདས་པའི་ལོ་རྒྱུས་ནང་གངས་ལྗོངས་མདོ་སྨད་རྟ་ཡི་ཆོལ་ཁོངས་སུ་གཏོགས་ཤིང༌། སྨུག་པོ་ལྡོང་གི་རིགས་རྒྱུད་ཡིན་པའི་དགེ་རྩེ་ཟླ་ཐར་མ་ཚོ་མ་ལག་བཅུ་གསུམ་མམ། ཡོངས་གྲགས་སུ་ཟླ་ཡུལ་ཤོག་ཆེན་བཅུ་གསུམ་ཞེས་པའི་ས་ཁུལ་དེ་ཡང་དེང་སྐབས་ཀྱི་དབང་དུ་བྱས་ན། རྒྱ་དམར་སྲིད་གཞུང་གིས་རྒྱ་ནག་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དཀར་མཛེས་རྫོང་ཟེར་བའི་ངོར་བཙན་སྦྱར་བྱས་ཡོད་པ་དེ་ཉིད་སོར་བཞག་བྱས་ཏེ། བཤད་ན་དེང་སྐབས་རྒྱ་ནག་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། དཀར་མཛེས་རྫོང་གི་ངོར་རྒྱ་དམར་གྱིས་སྦྱར་ཡོད་པའི་ངེད་ཅག་དགེ་རྩེ་ཟླ་ཐར་མའི་ས་ཁུལ་ལ་རྒྱ་དམར་སྲིད་གཞུང་གིས་བོད་ཡུལ་སྤྱི་མཚུངས་ལྟར། གཉའ་གནོན། བཤུ་གཞོག འཕྲོག་བཅོམ། ཤི་བསད། བཙོན་བཅུག་མནར་གཅོད། མཐོང་ཆུང་སོགས་བསམ་ཡུལ་ལས་འདས་པ་ལོ་མང་རིང་བྱས་པ་ནི་ང་ཚོའི་མི་རབསཕྱི་མ་སུ་གཅིག་གིས་ཀྱང་ནམ་ཡང་བརྗེད་མི་སྲིད།
དེ་ཡང་སྤྱི་ལོ་༢༠༡༥་ལོའི་ཟླ་༡༠་ཚེས་༥་ཉིན་ནས་བཟུང་ང་ཚོའི་ཕ་ཡུལ་དགེ་རྩེ་ཟླ་ཐར་མའི་ས་ཁུལ་དུ་ཆེས་ཤིན་ཏུ་ཡ་ང་བའི་གནས་ཚུལ་ཚབས་ཆེན་ཞིག་བྱུང་ཡང༌། ད་བར་ང་ཚོས་ཕྱི་ཕྱོགས་སུ་མ་བསྒྲགས་པར་ཅུང་ཙམ་ཡིན་ཡང་རྒྱ་དམར་སྲིད་གཞུང་གིས་ཐག་གཅོད་གཙང་མ་ཞིག་ཡོང་རེ་བྱས་ཀྱང༌། ད་ཆ་རྒྱ་གཞུང་མི་སྣས་ངོ་ཚ་འཛེམས་ཟོན་སྤུ་ཙམ་མེད་པར་ཉེས་མེད་ཉམས་ཆུང་བོད་རིགས་མང་ཚོགས་ལ་མཐོང་ཆུང་དང༌། ཐུབ་ཚོད་འདི་ལྟར་བཏང་སོང་བ་འདིས་མཚོན་བོད་ཁུལ་ས་ཆ་གཞན་དང་གཞན་ན་ཡང་གནད་དོན་འདི་རིགས་རྒྱུན་ལྡན་འབྱུང་བཞིན་འདུག་པས། རྒྱ་དམར་གྱི་གཉའ་གནོན་འོག་ཚུད་པའི་ང་ཚོ་བོད་མི་རིགས་ཀྱི་དཀའ་སྡུག་འདི་དྲང་བདེན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་འཛམ་གླིང་མི་མང་གིས་ཤེས་རྟོགས་ཆེད་དུ་དམིགས་ང་ཚོའི་ཆེས་ཐབས་རྡུག་གི་གནས་སྟངས་ཡ་ང་བ་འདི་གྲོགས་པོ་ཚོས་སྐད་ཡིག་འདྲ་མིན་ཐོག་བསྒྱུར་ཏེ། གང་སར་ཁྱབ་བསྒྲགས་རྒྱ་གང་ཆེ་གནང་བར་རེ་བསྐུལ་ཞུ་རྒྱུ་ཡིན།
དེ་ཡང་ང་ཚོས་ད་ལྟ་དམིགས་བསལ་གྱིས་ཁྱབ་བསྒྲགས་མ་བྱས་ཐབས་མེད་ཀྱི་ཆེས་ཡ་ང་བའི་དཀའ་སྡུག་གི་གནས་ཚུལ་ངོ་སྤྲོད་དངོས་ནི་གཤམ་གསལ།
༢༽ ས་གནས་ལ་ཡ་ང་བའི་གནད་དོན་ཐོག་མར་བྱུང་རྐྱེན།
དེ་ཡང་རྒྱ་ནག་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དཀར་མཛེས་རྫོང་ཟླ་ཐར་མ་ཆུས་ཀྱི་ས་གནས་སུ་དགེ་རྩེ་ཟླ་ཐར་མའི་སྤྱི་དགོན་དགེ་རྩེ་གྲྭ་ལག་དགོན་པ་ཡོད་པ་དང༌། ང་ཚོའི་ཕ་ཡུལ་གྱི་དགེ་རྩེ་གྲྭ་ལག་དགོན་པར་གནས་ནང་སྤྲུལ་སྐུ་ཟེར་བའི་སྤྲུལ་སྐུ་སྤྱོད་ངན་ཞིག་ཡོད་པ་དང༌། སྤྲུལ་སྐུ་སྤྱོད་ངན་དེས་ད་བར་བུད་མེད་ཁ་ཤས་ལ་གཉེན་བསྒྲིགས་བྱས་ཀྱང་བུད་མེད་ཚོ་ལ་ཕྲུ་གུ་བཟོས་རྗེས་མཐར་བུད་མེད་དེ་ཚོ་རེ་རེ་བཞིན་བསྐྱུར་བཞག་པར་མ་ཟད། བུད་མེད་གཞན་དང༌། གཞན་ལ་ཕྲུ་གུ་བཟོས་རྗེས་བུད་མེད་ཚོར་རོགས་རམ་སྣེ་གཅིག་མ་བྱས་པར་བསྐྱུར་བཞག་པ་གང་མང་བྱུང་ཡོད། འོན་ཀྱང་ཁོང་ལ་སྤྱི་ལོ་༢༠༡༥་ལོར་སླར་ཡང་དགའ་རོགས་བུ་མོ་གསར་བ་ཞིག་ཡོད་པ་དང༌། བུ་མོ་དེའི་མིང་ལ་ཚེ་རིང་མཚོ་ཟེར། སྤྱི་ལོ་༢༠༡༥་ལོར་བུ་མོ་ཚེ་རིང་མཚོ་རང་ལོ་༢༧་རེད། བུ་མོ་ཚེ་རིང་མཚོའི་ཕ་མིང་ལ་ཐོ་པོ་དང༌། མ་མིང་ལ་གཡུ་སྡིས་ཟེར་ཞིང༌། བུ་མོ་ཚེ་རིང་མཚོའི་ཕ་ཡུལ་ནི་རྒྱ་ནག་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ། དཀར་མཛེས་རྫོང༌། ཟླ་ཐར་མ་ཆུས། ཚ་ལུང་ཤང༌། དཀྱེལ་ཆེན་རུ་ཁག་གཉིས་པ་ར་རྒྱ་སྡེ་བ་ནས་ཡིན་པས། ང་ཚོའི་ཕ་ཡུལ་འདི་ནས་རེད།
འོན་ཀྱང་གནས་ནང་སྤྲུལ་སྐུ་ཟེར་བ་དེ་ད་བར་མི་སྤྱོད་ངན་དེ་འདྲ་ཞིག་ཡིན་ནའང༌། ཁོང་ལ་སྤྲུལ་སྐུའི་མིང་ཙམ་ཡོད་པར་བརྟེན་མང་ཚོགས་གང་མང་ཞིག་གིས་ཁོང་ལ་རྨོངས་དད་བྱེད་བཞིན་ཡོད།
སྤྱི་ལོ་༢༠༡༥་ལོའི་ཟླ་༡༠་པའི་ཚེས་༤་ཉིན་གནས་ནང་སྤྲུལ་སྐུས་ཁོང་གི་དགའ་རོགས་བུ་མོ་ཚེ་རིང་མཚོའི་ཕ་རྒན་ཐོ་པོ་ལ་བུ་མོ་ཚེ་རིང་མཚོ་དེ་རིང་ཁོའི་སར་ཁྲིད་ཡོང་རོགས་ཞེས་ཁ་དཔར་བཏང་བར་བརྟེན། བུ་མོའི་ཕ་རྒན་གྱིས་ཉིན་དེའི་ཕྱི་དྲོ་བུ་མོ་ཁྲིད་ཡོང་ནས་རང་ཁྱིམ་ནས་ལེ་བར་༧་ཙམ་གྱི་སར་ཡོད་པའི་ཟླ་ཐར་མ་ཆུས་ཀྱི་ནང་གི་གནས་ནང་སྤྲུལ་སྐུའི་སར་བསྐྱལ་བ་དང༌། བུ་མོ་དང་ཕ་རྒན་བཅས་གནས་ནང་སྤྲུལ་སྐུའི་སར་འབྱོར་སྐབས། གནས་ནང་སྤྲུལ་སྐུ་ས་གནས་ཉེན་རྟོག་པ་ཕོ་སར་མི་གཉིས་ས་གནས་སུ་རྒྱུན་འདུག་བྱས་ཡོད་པ་དེ་ཚོ་དང་མཉམ་དུ་ཉེན་རྟོག་ཁང་ནང་ལ་ཆང་འཐུང་ནས་བསྡད་ཡོད་ཀྱང་བུ་མོའི་ཕ་རྒན་གྱིས་བུ་མོ་གནས་ནང་སྤྲུལ་སྐུའི་སར་བསྐྱལ་ནས་དེ་མ་ཐག་ཕ་རྒན་ཕྱིར་རང་ཁྱིམ་ལ་ཕྱིན་ཡོད།
ཉེན་རྟོག་པ་ཕོ་སར་དེ་གཉིས་ལས་གཅིག་གི་མིང་རྡོ་རྗེ་དང༌། གཅིག་གི་མིང་ལ་ཚེ་རིང་ཟེར། ཉེན་རྟོག་པ་ཕོ་སར་དེ་གཉིས་ནི་རང་ཉིད་དང་མཉམ་དུ་རང་གི་བཟའ་ཟླ་གང་ཡང་མེད་པའི་མི་རྐྱང་རེ་ཡིན་པ་དང༌། ཁོང་གཉིས་དཀར་མཛེས་རྫོང་ཁོངས་ཀྱི་བོད་རིགས་རེད།
ཆེས་ཤིན་ཏུ་བློ་ཡུལ་ལས་འདས་པའི་དོན་རྐྱེན་ཞིག་ནི་སྤྱི་ལོ་༢༠༡༥་ལོའི་ཟླ་༡༠་ཚེས་༥་ཉིན་གྱི་ཞོགས་པར་བུ་མོའི་ངོ་གདོང་པ་ལ་བྱུག་རྫས་བསྐུས། ལུས་ལ་དོར་མ་དང༌། ནང་ལ་བཅས་བསྐོན་ནས་རྐེ་ཐག་པས་བསྡམས་ཏེ། ཟླ་ཐར་མ་ཆུས་ཐོག་གི་ཟམ་པ་ཞིག་ཡོད་པ་དེའི་སྟེང་ནས་མར་བུ་མོ་ཚེ་རིང་མཚོ་དཔྱང་ལ་བཏགས་ནས་ཤི་ཡོད་པ་དང༌། དེ་རྗེས་བུ་མོ་ཚེ་རིང་མཚོ་ཡིན་པར་ཤེས་རྗེས། བུ་མོའི་གཉེན་ཚན་རྣམས་ཀྱིས་བརྟགས་དཔྱད་བྱེད་སྐབས་བུ་མོའི་སྐེ་ཚིགས་ཕུད་བཞག་ཡོད་པ་དང༌། དེ་མ་ཐག་བུ་མོའི་གཉེན་ཚན་རྣམས་ཀྱིས་བུ་མོའི་འཆི་རྐྱེན་གང་ཡིན་དང༌། སྐེ་ཚིགས་ཕུད་རྐྱེན་ཅི་ཡིན་སོགས་རྩལ་གཅོད་ཆེད་བུ་མོའི་དགའ་རོགས་གནས་ནང་སྤྲུལ་སྐུ་བཙལ་ཀྱང་ཁོང་གར་སོང་ཆ་མེད་དུ་གྱུར་འདུག་པ་དང༌། ཐོག་མར་བུ་མོ་གནས་ནང་སྤྲུལ་སྐུའི་སར་འབྱོར་སྐབས་གནས་ནང་སྤྲུལ་སྐུ་ཉེན་རྟོག་ཁང་གི་ནང་ལ་ཉེན་རྟོག་པ་ཕོ་སར་གཉིས་ཡོད་པ་དེ་དང་མཉམ་དུ་ཆང་འཐུང་ནས་བསྡད་ཡོད་པ་དང༌། སྐབས་དེར་བུ་མོ་དེར་འབྱོར་བ་ཉེན་རྟོག་པ་ཕོ་སར་གཉིས་ཀྱིས་ཤེས་ཡོད་པ་བཅས་ལ་བརྟེན། སླར་ཡང་བུ་མོའི་གཉེན་ཚན་ཚོས་ཉེན་རྟོག་པ་ཕོ་སར་དེ་གཉིས་ལ་གནས་ནང་སྤྲུལ་སྐུ་གར་ཡོད་དང༌། བུ་མོའི་འཆི་རྐྱེན་ཅི་ཡིན་བཅས་དྲིས་པར། ཉེན་རྟོག་པ་གཉིས་ཀྱིས་ཁོང་ཚོས་མི་ཤེས་ཟེར་བ་ཙམ་ལས་ཅི་ཡང་བཤད་མི་འདུག
དེར་མ་ཟད་བུ་མོ་ཚེ་རིང་མཚོའི་གཉེན་ཚན་བུད་མེད་རྒས་འཁོག་ཅིག་ཟླ་ཐར་མ་ཆུས་ཀྱི་ཉེ་འགྲམ་གྱི་གྲྭ་ལག་དགོན་མཐའ་ན་ཁང་བའི་ནང་ཡོད་ཀྱང༌། སྐབས་དེར་བུད་མེད་རྒས་འཁོག་དེ་ས་གནས་གཞན་ཞིག་ལ་གནས་མཇལ་དུ་ཕྱིན་སོང་ནས་ཁང་སྒོ་ཕྱི་ལ་བརྒྱབས་ཡོད་འདུག་ཀྱང༌། ཟླ་༡༠་བའི་ཚེས་༤་ཉིན་གྱི་མཚན་མོ་བུད་མེད་རྒས་འཁོག་དེའི་ཁང་བའི་སྒོ་འགྲམ་ལ་ཉེན་རྟོག་པ་ཕོ་སར་གཉིས་དང༌། གནས་ནང་སྤྲུལ་སྐུ་བཅས་མཉམ་དུ་འགྲོ་བཞིན་ཡོད་པ་མི་གཞན་གྱིས་མཐོང་ཡོད།
དེར་བརྟེན་མཐར་བུ་མོའི་གཉེན་ཚན་གྱིས་གཙོས་མང་ཚོགས་རྣམས་ལ་དོགས་པ་ཆེན་པོ་ཞིག་བྱུང་བ་ནི། བུ་མོའི་འཆི་རྐྱེན་དེ་གནས་ནང་སྤྲུལ་སྐུ་དང༌། ས་གནས་ཀྱི་ཉེན་རྟོག་པ་ཕོ་སར་གཉིས་བཅས་ལ་འབྲེལ་བ་ཡོད་པར་སྙམ་པ་དང༌། དེ་ཡང་བུ་མོའི་དགའ་རོགས་གནས་ནང་སྤྲུལ་སྐུ་དང་ཉེན་རྟོག་པ་གཉིས་བཅས་ཀྱིས་བུ་མོར་བཙན་གཡེམ་བྱས་ནས་བསད་པ་ཡིན་ནམ། གང་ལྟར་བུ་མོའི་དགའ་རོགས་གནས་ནང་སྤྲུལ་སྐུ་དང་ཉེན་རྟོག་པ་བཅས་ཀྱིས་མཉམ་དུ་བུ་མོ་དམར་གསོད་བྱས་མཐར། བུ་མོ་རང་ཉིད་རང་ཤི་བརྒྱབས་པ་ཡིན་ཁུལ་གྱིས་བུ་མོའི་ངོ་གདོང་ལ་བྱུགས་རྫས་བསྐུས། ལུས་ལ་དོར་མ་དང༌། ནང་ལ་སོགས་བསྐོན། རྐེ་ཐག་པས་བསྡམས་ནས་ཟམ་ཐོག་ནས་མར་དཔྱང་ལ་བཏགས་པ་ཡིན་པའི་དོགས་པ་ཆེན་པོ་མང་ཚོགས་ནང་བྱུང་ཡོད།
༣༽ བུ་མོའི་འཆི་རྐྱེན་ཐད་མང་ཚོགས་ཉེན་རྟོག་པ་ཕོ་སར་གཉིས་ཐོག་དོགས་པ་ཆེན་པོ་བྱུང་སྟེ། ས་གནས་ཉེན་རྟོག་པ་ཕོ་སར་གཉིས་ལ་མང་ཚོགས་ཀྱིས་མི་དགའ་བའི་རྣམ་འགྱུར་བསྟན་པ།
གོང་གསལ་ལྟར་བུ་མོ་ཚེ་རིང་མཚོའི་གཉེན་ཚན་དང༌། བུ་མོ་ཚེ་རིང་མཚོ་དང་སྡེ་བ་གཅིག་པའི་མང་ཚོགས་བཅས་ཀྱིས་ཉེན་རྟོག་པ་ཕོ་སར་གཉིས་ལ་བུ་མོ་གྲོངས་རྐྱེན་དང་བུ་མོའི་དགའ་རོགས་གནས་ནང་སྤྲུལ་སྐུ་གར་སོང་བཅས་སྐད་ཆ་དྲིས་པར། ཉེན་རྟོག་པ་ཕོ་སར་གཉིས་ཀྱིས་ཁོང་ཚོས་མི་ཤེས་ཟེར་བ་ཙམ་ལས་གསལ་བཤད་གཅིག་ཀྱང་མ་བྱས་པའི་མཐར་བུ་མོའི་གཉེན་ཚན་རྣམས་དང་སྡེ་བ་གཅིག་པ་བཅས་ཀྱི་མང་ཚོགས་སྐོར་ཞིག་ཁོང་ཁྲོ་ལངས་ཏེ། བརྒྱུགས་ནས་ཉེན་རྟོག་པའི་ཁང་པའི་སྒོ་དང་སྒེའུ་ཁུང་དང༌། རླངས་འཁོར་བཅས་ལ་རྡོ་ཁ་ཤས་རེ་གཞུས་ཡོད།
འོན་ཀྱང་སྐབས་དེར་མང་ཚོགས་ཀྱིས་ཉེན་རྟོག་པ་དང༌། གཞན་ཡང་ས་གནས་ལས་བྱེད་སུ་གང་ལ་ཡང་རྡོ་སོགས་ཀྱིས་གཞུས་མེད་པར་མ་ཟད། ལག་པ་ཙམ་ཡང་ཐུག་མེད་པ་དང༌། ལས་ཁུངས་དང་རླངས་འཁོར་སོགས་མེ་བསྲེགས་བཏང་རིགས་སོགས་གཏན་ནས་བྱུང་མེད།
འོན་ཀྱང་དངོས་གནས་བྱས་ན་བུ་མོ་ཚེ་རིང་མཚོའི་གཉེན་ཚན་སོགས་ང་ཚོ་ཚང་མས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ལྟར་ཛ་དྲག་གི་གནས་ཚུལ་དེ་རིམ་པ་གོང་མའི་གོང་མ་ལ་ཞུ་གཏུག་བྱེད་འོས་ཀྱང༌། ང་ཚོ་ནི་ཁྲིམས་ལུགས་ཀྱི་ཤེས་ཡོན་གང་ཡང་མེད་པའི་འབྲོག་ཕྱོགས་ཀྱི་མང་ཚོགས་ཤ་སྟག་ཡིན་པར་བརྟེན། རང་ས་ནས་ཁོང་ཁྲོ་ལངས་རྒྱུ་ཙམ་ལས་གོང་རིམ་ལ་ཞུ་གཏུག་བྱེད་སྟངས་སོགས་མ་ཤེས་པ་དང༌། ཐབས་ཤེས་གཞན་གང་ཡང་བསྒྲུབས་མ་ནུས་པ་རེད།
༤༽ བུ་མོ་ཚེ་མཚོའི་གྲོངས་རྐྱེན་ཆེད་མང་ཚོགས་བློ་ཕམ་བྱུང་བའི་རྣམ་འགྱུར་དེ་ས་གནས་ཉེན་རྟོག་པས་ཁ་བྲལ་དང༌། ཆབ་སྲིད་ཀྱི་ངོ་བོར་བསྒྱུར་ཏེ། མང་ཚོགས་ཐོག་དམག་གིས་དྲག་གནོན་བྱས་སྐོར།
གོང་གསལ་ལྟར་ཉམ་ཆུང་བུ་མོ་དེའི་འཆི་རྐྱེན་གང་ཡིན་ཉེན་རྟོག་པ་ཕོ་སར་དེ་གཉིས་ཀྱིས་ཤེས་ཡོད་ངེས་ཀྱང༌། ཁོང་ཚོས་གསལ་བཤད་མ་བྱས་པར་མ་ཟད་གནས་ཚུལ་དེ་སྦེད་ཐབས་ཁོ་ན་བྱས་པར་བརྟེན། བུ་མོའི་གཉེན་ཚན་དང༌། སྡེ་བ་གཅིག་པ་རྣམས་ཀྱིས་ཉེན་རྟོག་པ་ཕོ་སར་དེ་དག་གི་ཁང་སྒོ་དང༌། སྒེའུ་ཁུང་དང་རླངས་འཁོར་བཅས་ལ་རྡོ་ཁ་ཤས་རེ་གཞུས་པར་བརྟེན། དེ་མ་ཐག་ས་གནས་ཉེན་རྟོག་པ་ཕོ་སར་དེ་དག་གིས་རྫོང་ཉེན་རྟོག་ཁང་སོགས་ལ་ས་གནས་མང་ཚོགས་ཀྱིས་ཁ་བྲལ་དང༌། ཆབ་སྲིད་ཀྱི་ལས་འགུལ་སྤེལ་ཏེ། རྒྱལ་ཁབ་ལ་ངོ་ལོག་བྱས་སོང་ཟེར་བ་སོགས་ཁ་བྲལ་དང༌། ཆབ་སྲིད་ཀྱི་ཞྭ་ནག་བསྐོན་ཏེ། མ་ཉེས་ཁག་གཡོགས་ཀྱིས་གོང་རིམ་ལ་ཡར་ཞུ་རྫུན་མ་ཕུལ་བར་བརྟེན། དཀར་མཛེས་རྫོང་དང༌། དཀར་མཛེས་ཁུལ་བཅས་ནས་དམག་མི་༡༠༠༠་ཙམ་འབྱོར་ཏེ། སྤྱི་ལོ་༢༠༡༥་ལོའི་ཟླ་༡༠་ཚེས་༡༠་ཉིན་བུ་མོའི་གཉེན་ཚན་རྣམས་ཀྱིས་གཙོས་ས་གནས་ཀྱི་མང་ཚོགས་མཐོང་ཚད་ལ་གཅར་རྡུང་དྲག་གནོན་ཚབས་ཆེན་བྱས་མཐར། བུ་མོ་དང་སྡེ་བ་གཅིག་པའི་ར་རྒྱ་ཚོ་བའི་མི་༤༠་ལྷག་ཙམ་དམག་དང་ཉེན་རྟོག་པས་འཛིན་བཟུང་གིས་མི་རེ་བཞིན་ལག་པ་རྒྱབ་ནས་བསྡམས་ཏེ། ལྕགས་དབྱུག་སོགས་ཀྱིས་ཉེས་རྡུང་ཚབས་ཆེན་བཏང་བར་བརྟེན། ཉེས་མེད་མང་ཚོགས་ལ་རྨས་སྐྱོན་ཚབས་ཆེན་ཕོགས་པར་མ་ཟད། ས་ཐོག་ཏུ་ཁྲག་གང་མང་འཁྱིལ་འདུག་པ་ཁྱི་ལྡོམ་ཚོས་ཅི་ཙམ་འཐུངས་ཀྱང་འཐུང་མི་ཚར་བ་རེ་བྱས་མཐར། མི་ཚང་མ་མི་རོ་ལྟར་གཅིག་ཐོག་གཅིག་སྤུངས་ཀྱིས་རླངས་འཁོར་ནང་བླུགས་ཏེ། དཀར་མཛེས་རྫོང་གི་བཙོན་ཁང་དུ་བཙན་ཁྲིད་བྱས་པར་མ་ཟད། བཙོན་ཁང་ནང་དུ་སླེབས་རྗེས་སླར་ཡང་མི་རེ་རེ་བཞིན་ཉེས་རྡུང་ཚབས་ཆེན་བཏང་སྟེ། འདྲི་རྩད་འདྲ་མིན་ཅི་ཙམ་བྱས་ཀྱང༌། ཁོང་ཚོ་ལ་ཆབ་སྲིད་སོགས་ཀྱི་ནག་ཉེས་ཅི་ཡང་མེད་པར་བརྟེན། མཐར་ཟླ་ཤས་མཚམས་ནས་རིམ་བཞིན་བཙོན་ཁང་ནང་ནས་གཅིག་རེ་གཉིས་རེ་བྱས་ཏེ། གློད་བཀྲོལ་བཏང་བྱུང་བ་རྣམས་ཀྱང་ཚང་མ་ལ་བཙོན་ཁང་ནང་ཚད་ལས་བརྒལ་པའི་མནར་གཅོད་བཏང་བའི་སྟབས་ཀྱིས་གློད་བཀྲོལ་གཏོང་སྐབས་ཀྱང་བཙོན་ཁང་དུ་ནང་མི་ལེན་པར་མ་ཡོང་ན། བཙོན་ཁང་ནས་རང་སྟོབས་ཀྱིས་རང་ཁྱིམ་ལ་ཡོང་མི་ནུས་པའི་མི་ཚང་མ་ནད་པར་གྱུར་ཡོད་པར་བརྟེན། ཁོང་ཚོ་རང་ཁྱིམ་ལ་འབྱོར་རྗེས་ཀྱང་ཡུན་རིང་པོར་སྨན་ཁང་དུ་འདུག་དགོས་མ་བྱུང་བ་གཅིག་ཀྱང་མེད།
༥༽ མང་ཚོགས་འཛིན་བཟུང་སྐབས་ཁ་པར་སོགས་དྲ་ལམ་བཀག་པར་མ་ཟད། དཔར་ལེན་མཁན་རེ་ཟུང་བྱུང་བ་རྣམས་ལའང་ཉེས་རྡུང་བཙོན་འཇུག་གིས་དཔར་ལེན་སོགས་གཏན་ཕྲོགས་བྱས་པ།
གོང་གསལ་ལྟར་སྤྱི་ལོ་༢༠༡༥་ལོའི་ཟླ་༡༠་ཚེས་༡༠་ཉིན་ཉེན་རྟོག་པ་དང༌། དམག་མིས་མང་ཚོགས་ལ་གློ་བུར་དུ་དྲག་གནོན་བྱེད་སྐབས་ས་གནས་ཀྱི་དྲ་ལམ་ཡོད་ཚད་གཏན་འགོག་བྱས་པ་དང༌། མང་ཚོགས་ལ་ཉེས་རྡུང་ཚབས་ཆེན་གཏོང་བཞིན་པ་སོགས་མཐོང་སྐབས་ས་གནས་ཀྱི་མི་རེ་ཟུང་གིས་དཔར་ཁ་ཤས་རེ་བླངས་ཀྱང༌། ཉེན་རྟོག་པས་དེའི་སྔོན་ནས་སོ་ལྟ་བ་གང་སར་བཞག་ནས་གྲ་སྒྲིག་འཐུས་ཚང་བྱས་ཡོད་པར་བརྟེན། དཔར་ལེན་མཁན་རྣམས་ཀྱང་འཛིན་བཟུང་བཙོན་བཅུག་གིས་ཉེས་རྡུང་ཚབས་ཆེན་བཏང་སྟེ། དཔར་ལེན་དང༌། ཀུ་ཤུ་ཁ་དཔར་སོགས་གཏན་ཕྲོགས་བྱས་སོང༌།
སྤྱི་ལོ་༢༠༡༥་ལོའི་ཟླ་༡༠་ཚེས་༡༠་ཉིན་ནས་དགེ་རྩེ་ཟླ་ཐར་མ་ཆུས་ཀྱི་ཁྱབ་ཁོངས་ས་ཁུལ་ཡོངས་རྫོགས་ལ་ཁ་པར་སོགས་དྲ་ལམ་ཡོད་ཚད་གཏན་འགོག་བྱས་ཏེ། ཟླ་བ་བཞི་ལྷག་ལ་དྲ་སྒོ་ཡོད་ཚད་བརྒྱབས་སོང༌། ཟླ་བཞི་ཙམ་ཕྱིན་རྗེས་ནས་རིམ་བཞིན་ཤང་ཁག་གཞན་རྣམས་ཀྱི་ས་ཁུལ་ལ་དྲ་སྒོ་ཕྱེས་ཀྱང༌། ཚ་ལུང་ཤང་གི་ཁྱབ་ཁུངས་སུ་དེ་རྗེས་ཀྱང་ཡུན་རིང་དྲ་ལམ་བཀག་པ་དང༌། ལྷག་ཏུ་བུ་མོ་ཚེ་རིང་མཚོའི་སྡེ་བ་དཀྱེར་ཆེན་རུ་ཁག་གཉིས་པ་ར་རྒྱ་ཚོ་བའི་ས་ཁུལ་ལ་དེང་སྐབས་སྤྱི་ལོ་༢༠༡༦་ལོའི་ཟླ་༦་ཚེས་༡་ཉིན་དེ་རིང་ད་དུང་ཡང་ཁ་དཔར་སོགས་དྲ་ལམ་ཡོད་ཚད་སྒོ་བརྒྱབས་ཡོད།
༦༽ ཉེས་མེད་མང་ཚོགས་ལ་བཙོན་ཁང་ནང་མནར་གཅོད་ཚབས་ཆེན་བཏང་མཐར་གློད་བཀྲོལ་སྐབས་རང་སྟོབས་ཀྱིས་རང་ཁྱིམ་ལ་ཡོང་མ་ཐུབ་པར་བརྟེན། ནང་མི་ལེན་པར་འགྲོ་སྐབས་དེ་ཡང་ལམ་བར་དུ་སྲོག་ཤོར་བ།
གོང་ཞུས་ལྟར་བཙོན་ཁང་ནང་ཚད་ལས་འདས་པའི་མནར་གཅོད་བཏང་བར་བརྟེན། བཙོན་གྲོལ་སྐབས་ཁོང་ཚོ་རང་སྟོབས་ཀྱིས་རང་ཁྱིམ་ལ་ཡོང་མ་ཐུབ་པར་བརྟེན། ནང་མི་ལེན་པར་ཤོག་ཅེས་སྐད་འབྱོར་བ་ལྟར། ནང་མི་གཉེན་ཚན་རྣམས་ལེན་པར་འགྲོ་དགོས་བྱུང་བ་དང༌། དེ་ཡང་རང་ཉིད་ཀྱི་སྤུན་མཆེད་བཙོན་ཁང་ནས་ལེན་པར་འགྲོ་སྐབས་ལམ་བར་དུ་འཕྲུལ་རྟ་བརྡབས་སྐྱོན་ཤོར་ཏེ། སྲོག་ཤོར་བའི་ཡིད་སྐྱོའི་གནས་ཚུལ་ཡང་བྱུང་ཡོད།
དཔེར་ན་སྤྱི་ལོ་༢༠༡༥་ལོའི་ཟླ་༡༡་ཚེས་༡༨་ཉིན་རང་ཉིད་ཀྱི་ཉེས་མེད་སྤུན་མཆེད་༢་བཙོན་ཁང་ནས་ལེན་པར་ཤོག་ཅེས་སྐད་འབྱོར་བ་ལྟར། ར་རྒྱ་ཚོ་བའི་སྐབས་དེར་རང་ལོ་༢༣་ཡིན་པའི་བདེ་ལེགས་ཟེར་བའི་ཕོ་སར་ཞིག་༢༠༡༥་ལོའི་ཟླ་༡༡་པའི་ཚེས་༡༩་ཉིན་རང་གི་སྤུན་མཆེད་ཀུན་པོ་དང༌། ཀརྨ་གཉིས་ལེན་པར་དཀར་མཛེས་བཙོན་ཁང་ལ་འགྲོ་སྐབས་ལམ་བར་དུ་འཕྲུལ་རྟ་བརྡབ་སྐྱོན་ཤོར་ནས་ལོ་༢༣་ཡིན་པའི་བདེ་ལེགས་འཕྲུལ་རྟས་བསད་ཡོད།
༧༽ ཉེས་མེད་ཉམ་ཆུང་འབྲོག་པ་མི་ལྔས་མུ་མཐུད་བཙོན་ཁང་ནང་མནར་གཅོད་ཚབས་ཆེན་མྱོང་བཞིན་པའི་སྐོར།
གོང་ཞུས་ལྟར་ཕྱི་ལོ་༢༠༡༥་ལོའི་ཟླ་༡༠་ཚེས་༥་ཉིན་ང་ཚོའི་ཕ་ཡུལ་གྱི་བུ་མོ་ཚེ་རིང་མཚོ་ས་གནས་ཉེན་རྟོག་པས་དམར་གསོད་བྱས་པ་ཡིན་པར་མང་ཚོགས་དོགས་པ་ཆེ་རུ་འགྲོ་བཞིན་པའི་སྐབས་དེར། ས་གནས་ཉེན་རྟོག་པ་ཕོ་གསར་དེ་དག་གིས་མང་ཚོགས་ལ་ཆབ་སྲིད་ཀྱི་ཞྭ་མོ་བསྐོན་ཏེ། བུ་མོ་ཚེ་རིང་མཚོའི་ཕ་ཡུལ་གྱི་ར་རྒྱ་སྡེ་བའི་ནང་གི་མི་གྲངས་༤༠་ལྷག་ཙམ་འཛིན་བཟུང་བྱས་ཏེ། བཙོན་ཁང་ནང་གཅར་རྡུང་མནར་གཅོད་ཚབས་ཆེན་པོ་བཏང་བ་དེ་དག་ལ་ནག་ཉེས་ཅི་ཡང་མེད་པ་ཤེས་རྟོགས་བྱུང་བར་བརྟེན། ཁོང་ཚོ་ཕལ་ཆེ་བ་གློད་བཀྲོལ་བཏང་རྗེས་ཀྱང་ཉེས་མེད་མི་ལྔས་མུ་མཐུད་བཙོན་ཁང་ནང་དཀའ་སྡུག་མནར་གཅོད་ཚབས་ཆེན་མྱང་ཡོད།
ང་ཚོས་ཁུངས་ལྡན་གནས་ཚུལ་ཞུ་རྒྱུ་ལ། ཉེས་མེད་མི་ལྔས་ཟླ་བདུན་དང༌། ཉིན་བཅུ་རིང་བཙོན་ཁང་ནང་མནར་གཅོད་དཀའ་སྡུག་ཚབས་ཆེན་མྱོང་མཁན་གྱི་མི་ལྔ་པོ་དེ་དག་ནི། ལོ་༣༦་ཅན་གྱི་ཀུན་བཟང༌། ལོ་༢༣་ཅན་གྱི་དཔལ་ལྡན་རིགས་འཛིན། ལོ་༢༨་ཅན་གྱི་གྲགས་བཟང༌། ལོ་༣༩་ཅན་གྱི་རབ་བརྟན། ལོ་༤༢་ཅན་གྱི་དབང་མགོན་བཅས་རེད།
མི་ལྔ་པོ་དེ་དག་ལ་དངོས་གནས་བྱས་ན་ནག་ཉེས་ཅི་ཡང་མེད་པ་ཉེན་རྟོག་པ་ཚོས་ཤེས་འདུག་ཀྱང༌། བུ་མོ་ཚེ་རིང་མཚོ་དམར་གསོད་གཏོང་མཁན་ས་གནས་ཀྱི་ཉེན་རྟོག་པ་ཕོ་སར་དེ་དག་མ་རེད། ཅེས་བཙོན་ཁང་ནང་གི་མི་ལྔ་པོ་དེས་ཁས་བླངས་ནས་ས་ཡིག་རྒྱག་དགོས་ཡོད། གལ་སྲིད་བུ་མོ་ཚེ་རིང་མཚོ་དམར་གསོད་གཏོང་མཁན་ས་གནས་ཀྱི་ཉེན་རྟོག་པ་དེ་དག་མིན་པར་བཙོན་པ་མི་ལྔ་དེས་ཁས་མ་བླངས་ཚེ་མི་ལྔ་པོ་དེ་དག་ལ་ད་དུང་མུ་མཐུད་མནར་གཅོད་ཚབས་ཆེན་གཏང་ངེས་ཡིན་པ་དང༌། བཙོན་ཁང་ནས་ཕྱིར་མངག་གི་མིན། ཞེས་འཇིགས་སྐུལ་དང་མནར་གཅོད་ཚབས་ཆེན་བཏང་ཡོད།
བུ་མོ་ཚེ་རིང་མཚོ་དམར་གསོད་གཏོང་མཁན་ས་གནས་ཀྱི་ཉེན་རྟོག་པ་ཕོ་སར་དེ་དག་ཡིན་པར་རྒྱ་ཆེའི་མང་ཚོགས་ད་དུང་དོགས་པ་ཟ་བཞིན་པའི་སྐབས་འདིར། བུ་མོ་དམར་གསོད་གཏང་མཁན་ས་གནས་ཉེན་རྟོག་པ་ཕོ་སར་དེ་དག་མིན་པའི་དཔང་རྟགས་སྣེ་གཅིག་ས་གནས་ཉེན་རྟོག་པ་ལ་མེད་པར་མ་ཟད། དེའི་ཐད་ཞིབ་འཇུག་སྤུ་ཙམ་ཡང་མ་བྱས་པར། བུ་མོ་ཚེ་མཚོ་གསོད་མཁན་ས་གནས་ཀྱི་ཉེན་རྟོག་པ་ཕོ་སར་དེ་དག་མ་རེད། ཅེས་བཙོན་ཁང་ནང་གི་མི་ལྔ་པོ་དེས་ས་ཡིག་རྒྱག་དགོས་ཞེས་དཀར་མཛེས་རྫོང་གི་ཉེན་རྟོག་པ་ཚོས་འདི་ལྟར་ཤོད་བཞིན་པ་དེ་གཏན་ནས་དྲངས་བདེན་མ་རེད་ལ། འདི་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་ཡོངས་སུ་འགལ་ཡོད།
གལ་ཏེ་བུ་མོ་ཚེ་རིང་མཚོ་དམར་གསོད་གཏོང་མཁན་ས་གནས་ཉེན་རྟོག་པ་ཕོ་སར་དེ་དག་མིན་ན་དེ་ལྟར་མིན་པའི་དཔང་རྟགས་གསལ་པོ་མང་ཚོགས་ལ་གསལ་སྟོན་བྱས་ན་མང་ཚོགས་ཀྱི་སེམས་ནང་གི་དོགས་པ་རང་བཞིན་གྱིས་སེལ་ངེས་ཡིན་པ་དང༌། དེ་བཞིན་སྐབས་དེར་བཙོན་ཁང་ནང་ཡོད་པའི་མི་ལྔ་དེས་ཀྱང་ཁོང་ཚོའི་བསམ་ཚུལ་ནོར་འདུག་ཅེས་དགོངས་སེལ་ཡང་ཞུ་ངེས་རེད།
འོན་ཀྱང་བུ་མོ་གསོད་མཁན་ས་གནས་ཉེན་རྟོག་པ་ཕོ་སར་དེ་དག་མིན་པའི་དཔང་རྟགས་ཅི་ཡང་མེད་བཞིན་དུ་བུ་མོ་གསོད་མཁན་ས་གནས་ཉེན་རྟོག་པ་ཕོ་སར་དེ་དག་མིན་པ་བཙོན་པ་མི་ལྔ་དེས་ཁས་ལེན་དགོས་ཟེར་བ་དང༌། ལྷག་ཏུ་བཙོན་ཁང་ནང་མནར་གཅོད་མྱོང་བཞིན་པའི་བཙོན་པ་མི་ལྔ་ལ་མནར་གཅོད་དང༌། འཇིགས་སྐུལ་གཏོང་ཞོར་དུ་བུ་མོ་ཚེ་རིང་མཚོ་དམར་གསོད་གཏོང་མཁན་ས་གནས་ཉེན་རྟོག་པ་ཕོ་སར་དེ་དག་མ་རེད། ཅེས་བཙོན་པ་མི་ལྔ་དེས་ཁས་བླངས་ཏེ། ས་ཡིག་རྒྱག་དགོས་ཟེར་བ་འདི་ནི་བློ་ཡུལ་དུ་མི་ཤོང་བའི་ཆེས་ཤིན་ཏུ་མ་དྲངས་པའི་གནས་ཚུལ་ཚབས་ཆེན་ཞིག་རེད།
༨༽ མང་ཚོགས་ཀྱིས་རྒྱ་ནག་གི་སྒོར་མོ་ཁྲི་༣༥་ཡིས་ས་གནས་དཔོན་རིགས་ལ་ལྟག་སྒོ་བརྫངས་པ།
ས་གནས་ཉེན་རྟོག་པ་སོགས་ཀྱིས་མང་ཚོགས་ལ་ཆབ་སྲིད་ཀྱི་ཞྭ་མོ་ནག་པོ་གཡོགས་ཏེ། དམག་མི་སྟོང་ཕྲག་ཙམ་གྱིས་མང་ཚོགས་ཐོག་དྲག་གནོན་བྱས་པ་དང༌། ཉེས་མེད་མི་གྲངས་༤༠་ལྷག་བཙོན་ཁང་དུ་བཅུག་པར་མ་ཟད་ཁོང་ཚོར་རྡུང་རྡེག་མནར་གཅོད་ཚབས་ཆེན་གཏོང་བཞིན་པ་དེ་ལས་སྐྱོབ་ཐབས་སུ་སྒོར་མོ་མང་སེ་ཞིག་གིས་དཀར་མཛེས་རྫོང་གི་རྫོང་དཔོན་ལྕགས་རྡོ་སོགས་རྫོང་དཔོན་རྣམས་དང༌། དཀར་མཛེས་རྫོང་གི་ཉེན་རྟོག་ཁང་གི་མགོ་གཙོ་སོགས་དཔོན་རིགས་རྣམས་ལ་ལྟག་སྒོ་བརྫང་ན་བཙོན་པ་ཡོངས་རྫོགས་གང་མགྱོགས་གློད་བཀྲོལ་གཏང་ས་རེད། ཟེར་བ་ཞིག་གོ་ནས་དཀར་མཛེས་རྫོང་གི་རྫོང་དཔོན་ལྕགས་རྡོ་སོགས་ལ་ལྟག་སྒོ་བརྫང་ཕྱིར་དུ་ས་གནས་ཉམ་ཆུང་མང་ཚོགས་ཀྱིས་རྒྱ་ནག་གི་སྒོར་མོ་ཁྲི་༣༥་དེ་གྲྭ་ལག་དགོན་པའི་བླ་མ་རྨ་སྤྲུལ་མདོ་ལོ་ཚང་གི་ཕྱག་བརྒྱུད་ནས་དཀར་མཛེས་རྫོང་གི་རྫོང་དཔོན་རྣམས་ལ་ལྐོག་རྔན་སྤྲད་ཀྱང༌། གོང་རིམ་དཔོན་རིགས་ཚོས་སྒོར་མོ་ཁྲི་༣༥་དེ་ཟོས་སོང་བ་ཙམ་ལས་ཕན་ཐོགས་སྣེ་གཅིག་བྱུང་མེད།
༩༽ དྲང་བདེན་ལམ་ལ་སྐྱོད་མཁན་གྱི་ཤང་གྲངས་པདྨ་བདེ་ཆེན་གོ་གནས་ནས་མར་ཕབ་པ།
གོང་གསལ་བུ་མོ་ཚེ་རིང་མཚོ་ནི་ཚ་ལུང་ཤང་དཀྱེལ་ཆེན་རུ་ཁག་གཉིས་པ་ར་རྒྱ་སྡེ་བ་ནས་ཡིན་པ་དང༌། ཚ་ལུང་ཤང་གི་ཤང་གྲང་པདྨ་བདེ་ཆེན་ནི་མི་ཡ་རབས་སྤྱོད་བཟང་ལྡན་པའི་ས་གནས་ཀྱི་མགོ་ཁྲིད་ཅིག་ཡིན་པ་དང༌། ཁོང་གིས་ལས་དོན་བསྒྲུབ་ཚད་ཁྲིམས་ལུགས་དང༌། དྲང་བདེན་ཁོ་ན་གཞིར་བཞག་ནས་ལས་དོན་སྒྲུབ་བཞིན་ཡོད་པར་བརྟེན། ཉེ་སྔོན་ས་གནས་འདིའི་མང་ཚོགས་ལ་དཀའ་སྡུག་ཚབས་ཆེན་བྱུང་སྐབས་ཀྱང་ཤང་གྲང་པདྨ་བདེ་ཆེན་གྱིས་གོང་རིམ་གྱིས་བུ་མོ་ཚེ་རིང་མཚོའི་འཆི་རྐྱེན་གང་ཡིན་ལ་ཞིབ་འཇུག་གཙང་མ་བྱེད་དགོས་པའི་སྐོར་དང༌། ས་གནས་མང་ཚོགས་ལ་ནོར་འཁྲུལ་ཅི་ཡང་མེད་པའི་སྐོར་དང༌། བཙོན་ཁང་ནང་ཡོད་པའི་བཙོན་པ་རྣམས་ཀྱིས་ཁྲིམས་འགལ་ཚབས་ཆེན་ཅི་ཡང་བྱས་མེད་པའི་སྐོར་སོགས་དཀར་མཛེས་རྫོང་ལ་ཡིག་ངག་གཉིས་ཐོག་ནས་ཡར་ཞུ་གང་མང་བྱས་པར་བརྟེན། མཐར་དཀར་མཛེས་རྫོང་གིས་དཔོན་རིགས་ཚོས་ཤང་གྲང་པདྨ་བདེ་ཆེན་ལ་ཁྱོད་ཀྱིས་མང་ཚོགས་ལ་སློབ་གསོ་ཡག་པོ་བརྒྱབས་མི་འདུག་ཅེས། ཚ་ལུང་ཤང་གི་ཤང་གྲང་པདྨ་བདེ་ཆེན་ཤང་གྲང་གོ་ས་ནས་གློ་བུར་དུ་མར་ཕབ་ཡོད།
༡༠༽ ཉེས་མེད་བཙོན་པར་ཉེས་ཆད་ཁྲིམས་ཐག་བཅད་པ་དང༌།  ཁྲིམས་ཐག་གཅད་དགོས་པའི་རྒྱུ་མཚན་རྫུན་མ་ཁྱབ་བསྒྲགས་བྱས་པ།
ཆེས་ཤིན་ཏུ་བློ་ཡུལ་ལས་འདས་པའི་གནད་དོན་ཞིག་ནི། སྤྱི་ལོ་༢༠༡༦་ལོའི་ཟླ་༥་ཚེས་༢༠་ཉིན་དཀར་མཛེས་རྫོང་གི་ཁྲིམས་ཁང་གིས་ད་བར་བཙོན་ཁང་ནང་མནར་གཅོད་ཚད་མེད་མྱོང་བཞིན་པའི་བཙོན་པ་མི་ལྔ་བོ་དེ་དག་ལ་རེ་རེ་བཞིན་ལོ་གཉིས་དང་ཟླ་༦་རེའི་ཁྲིམས་ཐག་བཅད་པ་དང༌། ཁྲིམས་ཐག་འདི་ལྟར་གཅད་དགོས་པའི་རྒྱུ་མཚན་གཙོ་བོ་དེ། ང་ཚོའི་ཕ་ཡུལ་ན་ད་ལྟ་ཡོད་བཞིན་པའི་ཚེ་རིང་བསྟན་སྲུང༌། བློ་དགའ། དབང་པོ། ཞིང་སྐྱོང༌། ཚུལ་ཁྲིམས་ཤེས་རབ་བཅས་ཀྱིས་ད་ལྟའི་བཙོན་པ་མི་ལྔ་ལ་ཁྲིམས་ཐག་གཅོད་དགོས་པའི་རེ་བ་བཏོན་པའི་ཡིག་ཆ་འདི་རེད། ཅེས་ཡིག་ཆ་མཛུབ་ཐེལ་ཅན་ཞིག་བསྟན་ནས། རེ་བསྐུལ་གྱི་ཡིག་ཆ་དེ་གཞིར་བཞག་གིས་བཙོན་པ་མི་ལྔ་ལ་ལོ་༢་དང་ཟླ་༦་རེའི་ཁྲིམས་ཐག་བཅད་པ་ཡིན་སྐོར་དང༌། གཞན་ཡང་ཚ་ལུང་ཤང་གི་ཤང་གྲང་པདྨ་བདེ་ཆེན་དང༌། གྲྭ་ལག་དགོན་པའི་མཁན་པོ་ཐུབ་པོའམ། མཁན་པོ་བསྟན་འཛིན་འོད་ཟེར་སོགས་དགོན་པའི་ལས་སྣེ་ཁག་གཅིག་གིས་ཀྱང་བཙོན་པ་མི་ལྔ་ལ་ཁྲིམས་ཐག་གཅད་དགོས་ཞེས་རེ་བསྐུལ་བྱས་ཡོད་ཟེར་བ་སོགས་རྒྱུ་མཚན་རྫུན་མ་རྐྱང་རྐྱང་ཁྱབ་བསྒྲགས་བྱས་ཡོད།
༡༡༽ ས་གནས་རྒྱ་གཞུང་ལས་བྱེད་པས་བསམ་བཞིན་དུ་འབྲོག་ཕྱོགས་ཡིག་རྨོངས་མང་ཚོགས་མགོ་སྐོར་བཏང་བ།
འོན་ཀྱང་ཆེས་ཤིན་ཏུ་བློ་ཕམ་དགོས་པ་ཞིག་ནི་གོང་གསལ་ཚེ་རིང་བསྟན་སྲུང༌། བློ་དགའ། དབང་པོ། ཞིང་སྐྱོང༌། ཚུལ་ཁྲིམས་ཤེས་རབ་བཅས་ཀྱང་ས་གནས་ཉེན་རྟོག་པས་མགོ་སྐོར་ཚབས་ཆེན་བཏང་ནས་ཁོང་ཚོའི་ས་ནས་མཛུབ་ཐེལ་བླངས་ཡོད།
དེ་ཡང་ཟླ་བ་ཁ་ཤས་སྔོན་ལ་ཉིན་གཅིག་ང་ཚོའི་ཕ་ཡུལ་གྱི་ས་གནས་ཉེན་རྟོག་པས་སང་ཉིན་སྔ་དྲོའི་ཆུ་ཚོད་༩་བའི་ཐོག་གོང་གསལ་ཚེ་རིང་བསྟན་སྲུང༌། བློ་དགའ། དབང་པོ། ཞིང་སྐྱོང༌། ཚུལ་ཁྲིམས་ཤེས་རབ་དང༌། གཞན་ཡང་བུ་མོ་ཚེ་མཚོའི་ཕ་རྒན་ཐོ་པོ་བཅས་ས་གནས་ཉེན་རྟོག་ཁང་གི་ནང་ལ་ཤོག་ཅེས་ས་གནས་ཉེན་རྟོག་པས་བཀའ་བཏང་འདུག་པ་དང༌། བུ་མོ་ཚེ་རིང་མཚོའི་ཕ་རྒན་ཐོ་པོ་ཉིན་དེར་གཞན་ལ་ཕྱིན་སོང་ནས་རང་ཁྱིམ་ན་མེད་ཀྱང༌། གཞན་མི་ལྔ་དེས་བསམ་པར་ཁོང་ཚོ་ཡང་བསྐྱར་བཙོན་འཇུག་བྱེད་ངེས་རེད་སྙམ་འདུག ཁོང་ཚོ་མི་ལྔ་བོ་དེ་ཕྱི་ཉིན་སྔ་དྲོའི་ཆུ་ཚོད་དགུ་པར་ས་གནས་ཉེན་རྟོག་ཁང་ལ་ཕྱིན་སྐབས། ཉེན་རྟོག་པས་གློག་ཀླད་ཀྱིས་དཔར་བཞག་པའི་རྒྱ་ཡིག་རྐྱང་པའི་ཤོག་ངོས་གསུམ་རེའི་སྟེང་ན་བཙོན་ཁང་ནང་ཡོད་པའི་ང་ཚོའི་མི་རེའི་དཔར་རེ་སྦྱར་འདུག་པ་རེ་བསྟན་ནས་དཔར་འདི་དག་སུའི་དཔར་ཡིན་ཤེས་སམ་ཞེས་དྲིས་སྐབས། ཁོང་ཚོས་དཔར་འདི་ཚོ་ང་ཚོའི་མི་ད་ལྟ་བཙོན་ཁང་ནང་ཡོད་པ་རྣམས་ཀྱི་དཔར་རེད་ཅེས་བཤད་སྐབས། ཉེན་རྟོག་པས་དེ་འདྲ་ཡིན་ན་ཁྱོད་ཚོས་ཡིག་ཆ་འདི་ཚོའི་མཐའ་ལ་ཁྱོད་ཚོས་རང་གི་མིང་བྲིས་ནས། མཛུབ་ཐེལ་རྒྱག་དགོས་ཞེས་བཤད་དེ། རྒྱ་ཡིག་རྐྱང་པའི་ཡིག་ཆ་དེའི་ཐོག་ལ་མིང་བྲིས་རྗེས། མི་རེ་རེ་བཞིན་མཛུབ་ཐེལ་རྒྱག་བཅུག་ཡོད།
འོན་ཀྱང་འཛུབ་ཐེལ་རྒྱག་མཁན་ཚོས་རྒྱ་ཡིག་ཚིག་གཅིག་ཀྱང་མི་ཤེས་པར་མ་ཟད། སྐབས་དེར་ཉེན་རྟོག་པ་ཚོས་རྒྱ་ཡིག་གི་ཡི་གེའི་ནང་དོན་དང༌། ཡིག་ཆ་དེར་འཛུབ་ཐེལ་རྒྱག་དགོས་དོན་བཅས་འདི་རེད། ཅེས་འགྲེལ་བཤད་ཚིག་གཅིག་བརྒྱབས་མེད།
དེ་བཞིན་ང་ཚོའི་མི་ལྔ་པོས་ཉེན་རྟོག་པས་ཁོང་ཚོར་མཛུབ་ཐེལ་རྒྱག་བཅུག་པའི་ཡིག་ཆ་དེ་ཚོ་མ་འོངས་པར་ཉེན་རྟོག་པས་ཕྱིན་ཅི་ལོག་ལ་བེད་སྤྱོད་གཏང་རྒྱུ་ཡིན་པ་གཏན་ནས་དྲན་མེད།
འོན་ཀྱང་མཐར་སྤྱི་ལོ་༢༠༡༦་ལོའི་ཟླ་༥་ཚེས་༢༠་ཉིན་བཙོན་པ་ཉེས་མེད་མི་ལྔ་པོ་དེ་དག་ལ་ཁྲིམས་ཐག་གཅོད་སྐབས་དེ་སྔོན་ཉེན་རྟོག་པས་ཚེ་རིང་བསྟན་སྲུང༌། བློ་དགའ། དབང་པོ། ཞིང་སྐྱོང༌། ཚུལ་ཁྲིམས་ཤེས་རབ་བཅས་ལ་རྒྱ་ཡིག་ཐོག་མིང་བྲིས་ནས། མཛུབ་ཐེལ་བརྒྱབས་བཅུག་པའི་ཡིག་ཆ་དེ་བསྟན་ནས། ཁོང་ཚོའི་འདོད་པ་ལྟར་དེ་རིང་བཙོན་པ་མི་ལྔ་ལ་ལོ་༢་དང་ཟླ་༦་རེའི་ཁྲིམས་ཐག་བཅད་པ་ཡིན་ཞེས་ས་ཐོག་ལ་མི་ཤོང་བའི་སྐྱག་རྫུན་འདི་འདྲ་བཤད་འདུག
༡༢༽ དངོས་ཡོད་གནས་ཚུལ་ལ་བཙོན་པ་མི་ལྔ་དེ་ལ་ཁྲིམས་ཐག་གཅད་དགོས་ཟེར་མཁན་ས་གནས་ཀྱི་་མི་གཅིག་ཀྱང་བྱུང་མེད་སྐོར།
དངོས་ཡོད་གནས་ཚུལ་ལ་ཚེ་རིང་བསྟན་སྲུང༌། བློ་དགའ། དབང་པོ། ཞིང་སྐྱོང༌། ཚུལ་ཁྲིམས་ཤེས་རབ་བཅས་ཀྱིས་བཙོན་པ་མི་ལྔ་པོ་ལ་ཁྲིམས་ཁག་གཅད་དགོས་ཟེར་མྱོང་མེད་པ་ནི་གོང་གསལ་ལྟར་ཡིན་ལ། དེ་བཞིན་ཏུ་མཁན་པོ་ཐུབ་འམ། མཁན་པོ་བསྟན་འཛིན་འོད་ཟེར་གྱིས་གཙོས་དགོན་པའི་ལས་སྣེ་ཡོངས་ཀྱིས་བཙོན་པ་མི་ལྔ་དེ་དག་ལ་ཁྲིམས་ཐག་གཅད་དགོས་ཟེར་མ་མྱོང་བར་མ་ཟད། དེ་ལས་ལྡོག་ནས་དགོན་པའི་ལས་ཤོག་ཐོག་བཙོན་པ་མི་ལྔ་པོ་དེ་དག་གིས་ཁྲིམས་འགལ་གྱི་ལས་ཀ་ཚབས་ཆེན་ཅི་ཡང་བྱས་མེད་པ་དང༌། ཁོང་ཚོ་བཙོན་ཁང་ནང་ལ་འདུག་དགོས་པའི་ནག་ཉེས་ཅི་ཡང་མེད་པས། གང་མགྱོག་བཙོན་ཁང་ནས་གློད་བཀྲོལ་གཏང་རོགས་གནང་ཞེས་དཀར་མཛེས་རྫོང་གི་ཉེན་རྟོག་ཁང་གི་གཙོས་དཀར་མཛེས་རྫོང་གི་དཔོན་པོ་རྣམས་ལ་སྙན་ཞུ་གང་མང་སྤྲད་ཡོད། འོན་ཀྱང་དཀར་མཛེས་རྫོང་མན་ཆད་ཀྱི་དཔོན་ངན་དག་གིས་ང་ཚོའི་མང་ཚོགས་ཀྱི་རེ་བ་ཆུ་ལ་གཡུག་པར་མ་ཟད། མང་ཚོགས་ནང་ཁུལ་ལ་མི་མཐུན་པའི་འགལ་བ་ཚབས་ཆེན་བཟོས་ཡོད།
༡༣༽ སྲིད་འཛིན་ཞིས་ཅིན་ཕེན་གྱིས་གཙོས་ཏང་ཀྲུང་དབྱང་ཆེས་མཐོའི་མགོ་ཁྲིད་ནས་ང་ཚོ་ལ་རྒྱབ་སྐྱོར་ཞིག་འབྱུང་རྒྱུ་ལ་ང་ཚོས་རེ་བ་བྱེད་བཞིན་པར་མ་ཟད། འཛམ་གླིང་ཡོངས་ཀྱིས་ང་ཚོའི་དཀའ་སྡུག་འདི་མཐོང་ཐུབ་རྒྱུ་བཅས་ལ་ང་ཚོས་རེ་བ་བྱེད་བཞིན་ཡོད།
མདོར་ན་བུ་མོ་ཚེ་མཚོའི་འཆི་རྐྱེན་ཐད་མང་ཚོགས་དོགས་པ་ཟ་སའི་ས་གནས་ཉེན་རྟོག་པ་ཕོ་སར་དེ་ཚོ་དང༌། གནས་ནང་སྤྲུལ་སྐུ་བཅས་ལ་དཀར་མཛེས་རྫོང་མན་ཆད་ཀྱིས་ཞིབ་འཇུག་ཙམ་ཡང་མ་བྱས་པར་མ་ཟད། ས་གནས་ལས་བྱེད་དང༌། ས་གནས་དཔོན་རིགས་ཀྱིས་གཙོས་དཀར་མཛེས་རྫོང་མན་ཆད་ཀྱི་དཔོན་རིགས་ཚོ་གཅིག་རྒྱབ་གཉིས་ལངས་ཀྱིས་གཡོ་ཅན་ཁ་མཐུན་དང༌། ངན་པ་ལག་འབྲེལ་བྱས་ཏེ། མཐར་མང་ཚོགས་ལ་དམག་གིས་དྲག་གནོན་གྱིས་ང་ཚོ་ཉམ་ཆུང་མང་ཚོགས་ལ་ཐུབ་ཚོད་འདི་ལྟར་བཏང༌། རྒྱ་ནག་དམར་གཞུང་གི་ཁྲིམས་དང་སྒྲིག་གཞི་ཁག་དང་རྒྱབ་འགལ་གྱི་ནག་ཉེས་ཚབས་ཆེན་འདི་ལྟར་གསོག་བཞིན་འདུག་ན། གནད་དོན་འདི་རིགས་ནི་མཐར་གཏུག་ནས་བཤད་ན། རུལ་སུངས་ཀྱི་གནད་དོན་ཆེན་པོ་ཞིག་ཡིན་པས། དེང་གི་རྒྱ་ནག་གི་ཆེས་མཐོའི་མགོ་ཁྲིད་སྲིད་འཛིན་ཞིས་ཅིན་ཕེན་གྱིས་རྒྱལ་ཡོངས་སུ་རུལ་སུངས་གཙང་བཤེར་གནང་བཞིན་པའི་སྐབས་འདིར་ཏང་ཀྲུང་དབྱང་གི་ཆེས་མཐོའི་དབུ་ཁྲིད་རྣམ་པས་དངོས་ཡོད་གནས་ཚུལ་འདི་ལ་ཞིབ་འཇུག་དང་ཐག་གཅོད་གཙང་མ་གནང་སྐྱོང་ཡོང་བར་ང་ཚོ་ཉམ་ཆུང་མང་ཚོགས་ཀྱིས་རེ་བ་བྱེད་བཞིན་ཡོད།
དེ་བཞིན་དཀར་མཛེས་རྫོང་མན་ཆད་ཀྱི་དཔོན་ངན་ཚོས་ངན་པ་ལག་འབྲེལ་གྱི་ཆེས་མ་རུང་བའི་རུལ་སུངས་ཀྱི་གནད་ནོན་འདི་ད་བར་ང་ཚོས་ཀྱང་ཕྱི་ཕྱོགས་སུ་ཁྱབ་བསྒྲགས་མ་བྱས་པར། བཟོད་སྒོམ་ཁོ་ན་བྱེད་ཁུལ་བྱས་ཀྱང༌། ད་ཆ་ཡོངས་ཁྱབ་གསལ་བསྒྲགས་མ་བྱས་ཐབས་མེད་ཀྱི་དཀའ་ངལ་ང་ཚོ་ལ་བྱུང་སོང་བས། ད་ལྟ་ང་ཚོའི་ས་གནས་ཀྱི་དཀའ་སྡུག་འདིས་མཚོན་དེང་སྐབས་རྒྱ་ནག་གི་དྲང་བདེན་སྤུ་ཙམ་མེད་པའི་བཙན་གནོན་འོག་ན་ང་ཚོ་བོད་གཞིས་ལུས་རྒྱ་ཆེའི་མང་ཚོགས་ཀྱི་དཀའ་སྡུག་ལ་འཛམ་གླིང་ཡོངས་ནས་བྱམས་བརྩེ་ཆེན་པོས་རྒྱབ་སྐྱོར་རྒྱ་གང་ཆེ་འབྱུང་བའི་རེ་བསྐུལ་བཅས་རྒྱ་ནག་སི་ཁྲོན་ཞིང་ཆེན། དཀར་མཛེས་ཁུལ་དཀར་མཛེས་རྫོང་ཟླ་ཐར་མ་ཆུས་ཀྱི་ཁོངས་གཏོགས་ཚ་ལུང་ཤང་དང༌། འཁྱག་ལུང་ཤང༌། ཟླ་སྟོད་ཤང༌། ར་སྐོར་ཤང་བཅས་ཀྱི་མང་ཚོགས་༧༠༠་ལྷག་གིས་བསམ་ཚུལ་གཅིག་མཐུན་གྱིས་ཡི་གེ་འདི་སྤྱི་ལོ་༢༠༡༦་ལོའི་ཟླ་༦་ཚེས་༡་ཉིན་མཇུག་གྲུབ་པར་བྲིས་ཏེ། ཕྱི་ཕྱོགས་སུ་ཁྱབ་བསྒྲགས་ཆེད་བསྐུར།།༽  ཞེས་བཀོད་གནང་འདུག

གསར་འགོད་པ་བསྟན་འཛིན་ནོར་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།



བརྗོད་གཞི་གཞན་ཁག་ལ་གཟིགས།