ཀིརྟི་དགོན་གྱི་ཕར་ཕྱིན་དབྱར་ཆོས་ཐེངས་བཞི་པ་ཚོཊ་གནང་འདུག

 པར་འདེབས།

༢༠༡༦།༠༧།༠༡ཉིན་སྤེལ། ཀིརྟིའི་གདན་ས་གོང་འོག་གི་ཕར་ཕྱིན་དབྱར་ཆོས་ཆེན་མོ་ཐེངས་བཞི་པ་སྟེ་ཧོར་གཙང་ཀིརྟིའི་དགོན་དུ་འཚོགས་བཞིན་ཡོད་འདུག

དེ་ཡང་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་གི་བོད་གནས་འབྲེལ་མཐུད་པས་བཏང་འབྱོར་བྱུང་བའི་གནས་ཚུལ་ནང་འཁོད་དོན། ཀིརྟིའི་གདན་ས་གོང་འོག་གི་ཕར་ཕྱིན་དབྱར་ཆོས་ཆེན་མོ་ཐེངས་བཞི་པ་དེ་བཞིན་ཕྱི་ལོ་༢༠༡༦ཟླ་༦ཚེས་༢༠ཉིན་འགོ་འཛུགས་ཀྱིས་ཧོར་གཙང་ཀིརྟིའི་དགོན་དུ་འཚོགས་བཞིན་ཡོད་འདུག སྤྱིར་ཕར་ཕྱིན་དབྱར་ཆོས་ཆེན་མོ་ཞེས་པ་ནི་སྔ་མོ་ཡུལ་དབུས་ཀྱི་གདན་ས་ཆེན་པོ་གསང་ཕུར་ཕར་ཕྱིན་དབྱར་ཆོས་ལ་རྭ་སྟོད་སྨད་དང་དགའ་ལྡན་ཤར་རྩེ་གྲྭ་ཚང་སོགས་རིས་མེད་དགོན་སྡེ་ཁག་དུ་མ་ནས་སློབ་གཉེར་བ་ཆེས་མང་བོ་རང་དབང་གིས་འདུ་འཛོམས་ཀྱིས་བསྟན་བཅོས་མངོན་རྟོགས་རྒྱན་རྩ་གཞུངalt་དུ་བྱས་ནས་ཕར་ཕྱིན་ཐེག་པའི་གཞུང་ལུགས་རྒྱ་མཚོ་ལྟ་བུར་དམིགས་བསལ་ཐོས་བསམ་སློབ་གཉེར་གནང་རྒྱུའི་ལུགས་སྲོལ་ཞིག་ཡོད་པ་དུས་འགྱུར་གྱི་རླུང་འཚུབ་འོག་མིང་གི་ལྷག་མར་གྱུར་ཟིན་པར་ཀུན་ལ་མངའ་གསལ་ལྟར་ལགས་ཤིང་། གསང་ཕུའི་ཕར་ཕྱིན་དབྱར་ཆོས་ཞེས་པའི་མིང་དང་སྦྲེལ་ནས་ ༸སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས་བསྩལ་གནང་མཛད་ཅིང་ཀིརྟིའི་གདན་ས་ཁག་གིས་ལག་ལེན་བསྟར་བཞིན་པའི་བཅའ་ཡིག་རིན་པོ་ཆེ་བློ་གསལ་འཇུག་ངོགས་ཀྱི་དགོངས་དོན་ལྟར་ཐོས་བསམ་སློབ་གཉེར་ཆེད་ཁོ་ནར་དམིགས་ཏེ་ཀིརྟིའི་དགོན་ཁག་གིས་དབུ་འཛུགས་གནང་བའི་ཕར་ཕྱིན་དབྱར་ཆོས་ནི་འདི་ལོ་ཚོགས་ཐེངས་བཞི་པ་ཆགས་ཡོད།

དེ་ཡང་ཀིརྟི་ཚང་གི་གདན་ས་ཆེ་ཁག་སྟག་ཚང་ལྷ་མོ་ཀིརྟིའི་དགོན། རྔ་པ་ཀིརྟིའི་དགོན། ཚོ་བདུན་ཀིརྟིའི་དགོན། ཧོར་ཚང་ཀིརྟིའི་དགོན་བཞིའི་ཕར་ཕྱིན་ལོ་རིམ་གཉིས་པ་ནས་ལྔ་བའི་བར་གྱི་འཛིན་གྲྭ་བཞིའི་སློབ་གཉེར་བ་གང་ཡོད་ལྷན་འཛོམས་ཀྱིས། གདན་ས་ཆེ་ཁག་བཞིར་རེས་མོས་བྱས་ནས་ཞ་སེར་བསྟན་པའི་མངའ་བདག་༸མཉམ་མེད་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་དྲང་ངེས་ལེགས་བཤད་སྙིང་པོའི་ཐོག་དམིགས་བསལ་གྱི་སློབ་གཉེར་གནང་རྒྱུའི་ཉིན་ཉི་ཤུའི་རིང་ཚོགས་དགོས་པའི་ཉི་ཤུའི་ཆོས་ཐོག་ཞིག་ཡིན་ལ། དེར་མཆོད་བརྗོད་འཛིན་གྲྭ་དང་། སྒྲོ་སྐུར་ངོས་འཛིན་གྱི་འཛིན་གྲྭ། དགག་བྱ་ངོས་འཛིན་གྱི་འཛིན་གྲྭ། རང་རྒྱུད་པའི་འཛིན་གྲྭ་བཅས་འཛིན་གྲྭ་བཞི་དང་། དེའི་རིང་ཚོགས་སྟངས་ནི་ཉིན་རེ་བཞིན་ཞོགས་ཆོས་དང་། ཉིན་ཆོས། དགོང་མོའི་ཆོས་རྭ་བཅས་ཉིན་རེར་དུས་ཚོད་ལྔ་ཙམ་ལ་རྩོད་གྲྭ་ཚུགས་དགོས་ཤིང་། བདུན་རེའི་མཚམས་སུ་མཚན་ཕྱེད་དམ་བཅའ་རེ་དང་། ཆོས་ཐོག་གི་ཉིན་མཐའ་མའི་མཚན་མོར་དྲང་ངེས་མཚན་ཕུད་དམ་བཅའ་ཆེན་མོ་ཚོགས་དགོས་ཀྱི་ཡོད་འདུག

ད་ལོ་གོང་གསལ་དགོན་ཁག་བཞིའི་ཕར་ཕྱིན་ལོ་རིམ་གཉིས་པ་ནས་ལྔ་པའི་བར་གྱི་སློབ་གཉེར་པ་སུམ་བརྒྱ་ལྷག་་དང་། གཞན་ཡང་གདན་ས་ཁག་གི་ཁྲི་བ་དང་མཁན་པོ་དཔེ་ཁྲིད་དགེ་རྒན། དབུ་མ་དང་། མཛོད་འདུལ་འཛིན་གྲྭ་སོགས་ཀྱི་སློབ་གཉེར་བ་ཡག་གྲས་བཅས་ཆེད་ཕེབས་ཀྱིས་ཉིན་ལྟར་རྩོད་གྲྭར་གཟིགས་རྟོག་དང་གཞུང་ལུགས་ཀྱི་དཀའ་གནད་ཁག་ལ་ལུང་རིགས་ཀྱིས་བརྒྱན་པའི་བརྒལ་བརྟགས་ཀྱི་རྩོད་པའང་གནང་བཞིན་ཡོད། ད་ཐེངས་ཀྱི་ཆོས་ཐོག་རིང་ཕྱོགས་སོ་སོ་ནས་ཕེབས་པའི་དགེ་འདུན་པ་རྣམས་ཀྱི་བཞུགས་གནས་དང་བཞེས་ལག་སོགས་མཐུན་རྐྱེན་གང་དགོས་ཧོར་གཙང་ཀིརྟིའི་དགོན་པ་གཞུང་གང་ལེགས་བསྐྲུན་བཞིན་ཡོད་འདུག་པ་དང་། ཕར་ཕྱིན་དབྱར་ཆོས་ཐེངས་དང་པོ་དང་གཉིས་པ་གསུམ་པ་དེ་བཞིན་སྟག་ཚང་མོ་ཀིརྟིའི་དགོན་དང་། རྔ་པ་ཀིརྟིའི་དགོན། ཚོ་བདུན་ཀིརྟིའི་དགོན་སོ་སོར་ཚོགས་ཡོད་ཅེས་འཁོད་འདུག་པ་བཅས།

གསར་འགོད་པ། ཟླ་བ་ཕུར་བུ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།



བརྗོད་གཞི་གཞན་ཁག་ལ་གཟིགས།