choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


བཙུན་མ་ཡེ་ཤེས་ལྷ་སྒྲོན་གར་སོང་ཆ་མེད་དུ་གྱུར་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༦།༢༩ཉིན་སྤེལ། བཙུན་མ་ཡེ་ཤེས་ལྷ་སྒྲོན་ལགས་ས་བྱ་ཞི་རྒོལ་ཆེན་མོའི་ནང་འཛུལ་ཞུགས་བྱས་པ་ནས་བཟུང་ད་ལྟ་བར་གར་སོང་ཆ་མེད་དུ་གྱུར་སོང་བའི་གནས་ཚུལ་ཐོན་འདུག

དེ་ཡང་བཙུན་མ་ཡེ་ཤེས་ལྷ་སྒྲོན་ལགས་ཀྱིས་ཕྱི་ལོ་༢༠༠༨ཟླ་བ་༥ཚེས༢༨ཉིན་གྱི་ཞོགས་པ་ཆུ་ཚོད་༩།༠༠པའི་ཐོག་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ་༧རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག།  བོད་ནང་འགྲོ་བ་མིའི་ཐོབ་ཐང་དགོས། བོད་ཀྱི་བདག་པོ་བོད་མི་ཡིན་ཞེས་འབོད་ཚིག་སྒྲོག་པ་དང་སྦྲགས་མཉམ་དུ་༧རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག ༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་ཞུ་གནང་དགོས། བོད་ལ་རང་དབང་དགོས་པ་སོགས་ཀྱི་ཡིག་ཆ་ཡང་འགྲེམས་སྤེལ་གནང་ཡོད་འདུག་ལ་ཁོང་དང་མཉམ་དུ་བཙུན་མ་སངས་རྒྱས་ལྷ་མོ་དང་། ཚེ་དབང་མཁའ་འགྲོ་ཡོད་པ་བཅས་བཙུན་གསུམ་ཀ་དཀར་མཛེས་རྫོང་ནང་ཡོད་པའི་བྲག་དཀར་རིན་པོ་ཆེ་ཡིས་ཕྱག་བཏབ་གནང་བའི་བྲག་དཀར་དགོན་ནས་ཡིན་འདུག བཙུན་མ་ཡེ་ཤེས་ལྷ་སྒྲོན་ལགས་ནི་ཕ་ཡུལ་དཀར་མཛེས་རྫོང་མདའ་མདོ་ཤང་གཙོ་ཆུ་གྲོང་ནས་ཡིན་པ་དང་། ཕ་དངོས་གྲུབ་བསོད་ནམས་དང་། མ་གཡུ་མཚོ་སྒྲོལ་མ། ཨ་ཁུའི་མིང་ལ་ཆུ་ཁ་ཚང་དངོས་དགའ་ཟེར་ཞིང་ཕྱི་ལོ་༢༠༠༨ལོར་དཀར་མཛེས་ཁུལ་གྱི་ཞི་རྒོལ་ནང་འཛུལ་ཞུགས་བྱས་རྗེས་འཛིན་བཟུང་བཙན་ཁྲིད་བྱས་པ་ཞིག་ཡིན་པ་དང་། ཕྱི་ལོ་༢༠༡༦ཟླ་༣ཚེས༢༠ཉིན་བཙོན་ནས་གློད་གྲོལ་བཏང་གནང་བ་ཞིག་ཀྱང་རེད་འདུག alt

གནས་ཚུལ་དེའི་སྐོར་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་དགོན་པར་བཞུགས་ཡོད་པའི་བཙུན་མ་ཡེ་ཤེས་ལྷ་སྒྲོན་ལགས་ཀྱི་སྤུན་མཆེད་གྲྭ་པདྨ་དབང་རྒྱལ་ལགས་ཀྱིས་འདི་ག་གསར་འགོད་པར་ངོ་སྤྲོད་གནང་དོན། སྐད་འབོད་ཀྱི་དུས་ཚེས་ནི་ཕྱི་ལོ་༢༠༠༨ཟླ་བ་༥པའི་ཚེས་༢༨ཉིན་གྱི་ཞོགས་པ་ཆུ་ཚོད་༩པའི་ཐོག་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ་རེད་འདུག སྐབས་དེར་སྐད་འབོད་གནང་མཁན་ཁོང་མོའི་རོགས་པ་བྲག་དཀར་དགོན་པའི་མཙུན་མ་སངས་རྒྱས་ལྷ་མོ་དང་། ཚེ་དབང་མཁའ་འགྲོ་གཉིས་ཡོད་འདུག འབོད་ཚིག་སྒྲོག་པ་ནི། ༧རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག  བོད་ནང་འགྲོ་བ་མིའི་ཐོབ་ཐང་དགོས། བོད་ཀྱི་བདག་པོ་བོད་མི་ཡིན་ཞེས་ཡོངས་གྲགས་ཀྱི་སྐད་འབོད་གནང་བཞིན་པ་དེ་རེད་འདུག་ལ་དེ་དང་མཉམ་དུ་ཡིག་ཆ་ཁ་ཤས་ཡང་འགྲེམས་སྤེལ་གནང་འདུག འགྲེམས་སྤེལ་གནང་བའི་ཡིག་ཆའི་ནང་༧རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག ༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་ཞུ་གནང་དགོས། བོད་ལ་རང་དབང་དགོས་ཡོད་ཅེས་འཁོད་ཡོད་འདུག
 
ངའི་གོ་ཐོས་ལྟར་ན། ཁོ་ཚོ་གསུམ་གྱིས་སྐད་འབོད་བྱས་མ་ཐག་སྐར་མ་ཁ་ཤས་རྗེས་ལ་དཀར་མཛེས་རྫོང་གི་དྲག་སྤྲད་ཉེན་རྟོག་པ་དང་། དམག་མི་སླེབས་ཏེ་འཛིན་བཟུང་བཙན་ཁྲིད་བྱས་འདུག ད་ལྟའི་ཆར་སངས་རྒྱས་ལྷ་མོ་དང་། ཚེ་དབང་མཁའ་འགྲོ་གཉིས་ལོ་གཉིས་ཀྱི་ཁྲིམས་ཐག་བཅད་རྗེས་གློད་གྲོལ་ཐོབ་ཡོད་པ་དང་། ཁོང་གཉིས་གློད་གྲོལ་ཐོབ་རྗེས་ཞི་རྒོལ་སྐབས་བཙོན་ཁང་ནང་མནར་གཅོད་ཇི་ལྟར་མྱངས་ཡོད་མེད་སྐོར་ལ་བརྗོད་དོན། ཐོག་མར་འཛིན་བཟུང་བཙན་ཁྲིད་བྱེད་སྐབས་རས་ནག་པོ་རེ་མགོ་ལ་གཡོགས་ཏེ་བཙོན་དུ་ཁྲིད་དེ་ང་ཚོ་གསུམ་ཁང་མིག་རེ་རེའི་ནང་བཅུག་ཏེ་འདྲི་རྩད་བྱས་པ་དང་། ཉེས་གཏག་ཚད་མེད་བཏང་བར་བརྟེན་དྲན་མེད་དུ་རྒྱལ་ཏེ་སྨན་ཁང་དུ་བསྐྱལ་རྗེས་སྨན་ཁབ་བརྒྱབ་པ་དང་། སྨན་བཅོས་བྱས་བྱུང་ཟེར་བ་མ་གཏོགས་དེ་རྗེས་གང་བྱུང་ཡོད་མེད་ཁོང་གཉིས་ལ་གང་ཡང་བཤད་རྒྱུ་མི་འདུག གང་ཡིན་ཟེར་ན། དུས་དེ་ནས་བཟུང་ཁོ་ཚོ་གསུམ་ཀ་ཁ་གཏོར་ནས་བཞག་ཡོད་འདུག རྗེས་སུ་སྨན་ཞབས་པ་བརྒྱུད་ནས་ཤེས་རྟོགས་བྱུང་བར་གཞིག་ན། བཙུན་མ་གསུམ་ཀ་སྨན་ཁང་ནང་འབྱོར་སྐབས་བཙུན་མ་ཞིག་ཕལ་ཆེར་འཆི་ཚར་བ་ཡིན་ས་ཡོད་ཅེས་བརྗོད་ཀྱི་ཡོད་པ་ལས་བཙུན་མ་སུ་ཡིན་ཤེས་རྟོགས་བྱུང་མེད་འདུག ཡང་སྐབས་དེར་སྨན་ཁང་ལ་ཁྱེར་ཡོང་བའི་སྐབས་བརླང་འཁོར་ནང་ཁྲག་གིས་འཁྱིལ་ཡོད་པ་དང་། ཁ་ལོ་བ་དེས་བརྗོད་ན་ཕལ་ཆེར་གསོན་རྒྱུའི་རེ་བ་མེད་ཅེས་བརྗོད་འདུག

བཙོན་འཇུག་བྱས་པའི་ཉིན་མོ་དེ་ནས་བཟུང་ཟླ་བ་དགུའི་རིང་བཙོན་ཁང་གང་དུ་བཀག་ཉར་བྱས་ཡོད་མེད་ཤེས་རྟོགས་ཡོང་སླད་རེ་སྒུག་བྱས་ན་ཡང་གར་སོང་ཆ་མེད་དུ་གྱུར་ཡོད་པ་སོང་ཙང་། ང་ཚོའི་ནང་མི་གཙོ་བོར་བྱས་ཏེ་དགའ་ཉེ་སྤུན་མཆེད་འབྲེལ་ཡོད་ཚང་མས་རྫོང་ཁག་དགུ་ལྷག་གི་ནང་རྒྱ་སྒོར་ཁྲི་བཞི་འགྲོ་གྲོན་བཏང་ཏེ་འདྲི་རྩད་བྱས་ན་ཡང་ད་ལྟ་བར་དུ་ཤི་གསོན་གང་བྱུང་ཡོད་མེད་ཀྱི་སྐོར་ལ་ཤེས་རྟོགས་གང་ཡང་བྱུང་མེད། དེ་རྗེས་ཁོང་གི་ནང་མི་ཚོས་འཆི་གསོན་གང་ཡིན་མི་ཤེས་ཀྱང་ཕ་ཡུལ་གྱི་དགོན་པ་དང་། བླ་མ་ཆེ་ཁག་ལ་ཁོ་མོའི་འདས་མཆོད་སྒྲུབ་ཆེད་རྒྱ་སྒོར་ཁྲི་བཞི་འགྲོ་གྲོན་བཏང་ཡོད་པ་བཅས་ཁྱོན་བསྡོམས་རྒྱ་སྒོར་ཁྲི་བརྒྱད་ཀྱི་འགྲོ་གྲོན་བཏང་ཡོད་པ་རེད།

ས་བྱི་ཞི་རྒོལ་ཆེན་མོར་དཀར་མཛེས་རྫོང་གི་ནང་མི་མང་བརྒྱ་ཁྲག་མང་པོར་དུས་བཀག་བཙོན་བཅུག་གི་ཁྲིམས་ཐག་བཅད་ཡོད་པ་དང་། མང་ཆེ་བ་ད་ལྟའི་ཆར་བཙོན་གྲོལ་ཐོབ་ཡོད་པ་ཞིག་དང་། དེ་དག་བཙོན་གྲོལ་ཐོབ་སྐབས་ང་ཚོའི་ནང་མིས་ཡེ་ཤེས་ལྷ་སྒྲོན་གྱི་སྐོར་ལ་ཤེས་རྟོགས་བྱུང་ན་བསམ་ཏེ་སྐད་ཆ་དྲི་སྐབས་སུ་གཅིག་གིས་ཀྱང་ཁ་གསལ་བཤད་རྒྱུ་མེད་པ་ཞིག་རེད་འདུག ང་ཚོའི་ནང་མི་ཚོས་ད་ལྟའི་སྐབས་དེར་འཆི་གསོན་གང་བྱུང་ཡོད་མེད་དང་། གནས་ཚུལ་གང་ལྷག་ཡོད་མེད་ཤེས་རྟོགས་བྱུང་མེད་ཞུ་རྒྱུ་ཡིན། ང་ཚོས་ཕྱོགས་བསྡོམས་བྱས་པ་ཡིན་ན། ཁོ་མོར་འཆི་གསོན་གང་བྱུང་ཡོད་མེད་ལ་མ་བལྟོར་པར། ཁོ་མོས་བྱས་པའི་ལས་ཀ་དེར་གཟིགས་བརྗིད་དང་། སྤོབས་པ་ཡོད་ལ་རླབས་ཆེན་ཀྱི་ལས་ཀ་ཞིག་དང་། བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ལས་ཀ་བྱས་པར་ངོས་འཛིན་བྱེད་ཀྱི་ཡོད། གཞན་ཡང་དུས་རྒྱུན་ཁོ་མོ་དགོན་པའི་ནང་ཡོད་སྐབས་དགོན་པ་དེའི་ནང་ཡོད་པོའི་བཙུན་མ་ཚང་མས་མིག་དཔེ་ལྟ་ས་དང་། བསྔགས་པར་འོས་པའི་བཙུན་མ་ཞིག་ལ་ངོས་འཛིན་ཞུ་ཡི་འདུག་ཅེས་འགྲེལ་བརྗོད་གནང་སོང་།

གསར་འགོད་པ།་ཟླ་བ་ཕུར་བུ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།