བོད་ཀྱི་འཁྲབ་ཁྲིད་པ་ཞིག་ལ་བདེ་སྲུང་པས་ཉེས་མེད་གཅར་རྡུང་བྱས་འདུག

 པར་འདེབས།

༢༠༡༦།༠༦།༢༩ཉིན་སྤེལ། བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་སྐད་གྲགས་ཅན་པདྨ་ཚེ་བརྟན་ལགས་ལ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་གནམ་གྲུའི་འབབ་ཚུགས་སུ་བདེ་སྲུང་པས་གཅར་རྡུང་དང་བཀག་བསྐྱིལ་བྱས་ཏེ་སྨན་ཁང་ལ་བསྐྱལ་འདུག

altའདི་ག་གསར་ཁང་དུ་འབྲེལ་ཡོད་ཀྱིས་ཁུངས་ལྡན་གནས་ཚུལ་འབྱོར་བར་གཞིགས་ན། ཟླ་བ་དྲུག་པའི་ཚེས་༢༥མཚན་མོར། འཁྲབ་ཁྲིད་པ་གྲགས་ཅན་པད་མ་ཚེ་བརྟན་པེ་ཅིང་ནས་ཟི་ལིང་གི་གནམ་གྲུའི་འབབ་ཚུགས་སུ་འབྱོར་བ་དང་། འབབ་ཚིགས་ནས་ཁ་འབྲལ་སྐབས་ཅ་ལག་ཞིག་འབབ་ཚིགས་ཀྱི་ཅ་ལག་འཇོག་སར་ལུས་ཟིན་པ་དྲན་ནས་ཕྱིར་ལེན་དུ་འགྲོ་དུས། འབབ་ཚིགས་ཀྱི་བདེ་སྲུང་པས་བཙན་གྱིས་ལག་སྒྲོག་བརྒྱབ་ཅིང་ཟི་ལིང་གི་འདྲི་གཅོད་ཁང་ཞིག་ཏུ་མཚན་གང་ལ་བཙན་གྱིས་འདྲི་གཅོད་བྱས་ཤིང་། ཚེས་༢༦གི་ཞོགས་པར་གནམ་ཐང་གི་སྤྱི་བའི་སྒྲིག་སྲོལ་ལ་གཏོར་བརླག་བྱས་པའི་ཉེས་འཛུགས་འོག ཟི་ལིང་ཉེ་འཁོར་གྱི་བཀག་བསྐྱིལ་ཁང་ཞིག་ལ་བཀག་ཉར་བྱས་ཡོད་འདུག

དེ་ཡང་བོད་ནང་གི་སྤྱི་སྟེགས་དང་བེ་པོ་སོགས་སུ་གནས་ཚུལ་བཀོད་པ་ལྟར་ན། བཀག་ཉར་ཁང་དུ་ཉིན་གཉིས་ལ་འདྲི་རྩད་དང་གཅར་རྡུང་བྱས་པས་ད་ལྟ་སྨན་ཁང་དུ་ཉེན་རྟོག་པའི་ལྟ་རྟོག་འོག་ཡོད་པ་དང་། སྨན་ཁང་གིས་བརྟག་དཔྱད་བྱེད་སྐབས་ཁོང་གི་ལུས་སྟེང་དུ་རྨ་ཤུལ་ཚབས་ཆེན་དང་སྔོ་ཐིག་མང་དུ་ཡོད་འདུག་པར་བརྗོད་འདུག

གཞན་ཡང་འབྲེལ་ཡོད་མི་སྣ་ཞིག་གིས་བརྗོད་དོན། ལྷག་སོང་བའི་དངོས་པོ་ལེན་དུ་མ་བཅུག་པ་མ་ཟད། ཉེས་མེད་རྡུང་རྡེག་ཚ་ནན་དང་བཀག་བསྐྱིལ་བྱས་རྗེས་མི་སྣ་སྐད་གྲགས་ཅན་པདྨ་ཚེ་བརྟན་ཡིན་པ་ཤེས་ཏེ། ཕྱིར་གློད་དེ་མིང་བརྟགས་བཀོད་དུ་བཅུག་སྐབས་སུ། པདྨ་ཚེ་བརྟན་ལགས་ཀྱིས་མིང་རྟགས་མ་བཀོད་པར་མ་ཉེས་ཁ་གཡོགས་བྱས་པ་ཞུ་གཏུགས་བྱ་འཆར་ཡོད་པའི་གནས་ཚུལ་འདུག ད་ལྟ་ཁོང་ནི་ཉེན་རྟོག་པའི་ལྟ་རྟོགས་འོག་ཕིན་ཨན་གྱི་སྨན་ཁང་ཞིག་ཏུ་ཡོད་འདུག

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།



བརྗོད་གཞི་གཞན་ཁག་ལ་གཟིགས།