མི་མང་གི་ཡོང་སྒོ་སྲིད་གཞུང་གིས་འཕྲོག་གིན་འདུག

 པར་འདེབས།

༢༠༡༦།༠༦།༢༤ཉིན་སྤེལ། མཚོ་སྔོན་པོའི་མཐའ་སྐོར་གྱི་མི་མང་གི་ཁེ་ཕན་དང་ཡོང་སྒོ་སྲིད་གཞུང་གིས་ངན་པ་ལག་སྦྲེལ་བྱས་ཏེ། གཡོ་འཕྲོག་བྱེད་ཀྱི་ཡོད་པས་མི་མང་ཕོན་ཆེར་སོང་ནས་སྔར་བཞིན་ཞི་རྒོལ་བྱེད་བཞིན་འདུག

 altདེ་རིང་ཕྱི་ཚེས་༢༤ཉིན་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་སྤྲེལ་ནག་གྲོང་བརྡལ་གྱི་སྡེ་ཆེན་དྲུག་དུ་འབོད་པའི་དཀར་ལ་སྡེ་བའི་མི་མང་ཁ་སང་ལས་ཕོན་ཆེན་པོ་འདུ་འཛོམས་བྱུང་ཡོད་འདུག་ལ། རྒྱ་ནག་ས་གནས་སྲིད་གཞུང་གིས་བོད་མིས་རང་ས་ནས་རང་ཡུལ་ནས་རང་གི་ཡོང་ཁུངས་བཙལ་མི་ཆོག་པར་བཀག་སྡོམ་དང་བཙན་བཀའ་བཏང་བར་མུ་མཐུད་དུ་ཞི་རྒོལ་བྱེད་ཀྱིན་འདུག

དེ་ཡང་དགའ་ལྡན་བྱང་རྩེ་ནས་ཡིན་པའི་ཕ་ཡུལ་གཅིག་པའི་གྲྭ་ལུང་རྟོགས་དགེ་འདུན་ལགས་ཀྱིས་འདི་ག་གསར་ཁང་དུ་གནས་ཚུལ་མཁོ་སྤྲོད་གནང་དོན། རྒྱ་ནག་གི་དཔོན་རིགས་དང་། ས་གནས་དེའི་བོད་པ་དཔོན་ངན་རེ་ཟུང་ཞིག་གིས་ངན་པ་ཁ་མཐུན་བྱས་ཏེ། མཚོ་སྔོན་པོའི་ཁོར་ཡུག་སྲུང་སྐྱོབ་ཆེད་དུ་ཡིན་ཞེས་དོན་དེ་ལ་ཁ་གཡར་ནས་མཚོ་སྔོན་པོའི་མཐའ་སྐོར་གྱི་བོད་པའི་མགྲོན་ཁང་དང་། ཟ་ཁང་། ཚོང་ཁང་སོགས་བཙན་དབང་གིས་གཏོར་བཅོམ་བྱེད་དང་བྱ་བཞིན་པ་རེད། སྤྱིར་བཏང་མཚོ་སྔོན་པོ་རྟ་ནག་མ་གཅིག་པུ་ཙམ་མ་ཡིན་པར་མཚོ་མཐའ་རུ་བོད་མི་སྒེར་བ་དག་གིས་འཛུགས་བསྐྲུན་བྱས་པའི་མགྲོན་ཁང་དང་། ཟ་ཁང་། ཚོང་ཁང་སོགས་གཅིག་ཀྱང་མ་ལུས་པར་གཏོར་བཞིན་འདུག དེ་མིན་མཚོ་མཐའ་རུ་སྦྲ་གུར་ཀྱང་ཕུབ་མི་ཆོག་ཅེས་ཉེན་བརྡ་བཏང་ཡོད་འདུག་ཅེས་དང་།

དེ་ནས་ཁོང་གིས་མུ་མཐུད་དུ་འབྲེལ་ཡོད་གནས་ཚུལ་སྐོར་ནས་བརྗོད་དོན། ཁང་སང་གི་དོན་རྐྱེན་དེའི་ཁྲོད་དུ། སྦྲ་གུར་ཕུབ་ས་དེ་དག་ནི་འབྲོག་པ་མང་ཚོགས་རང་ཉིད་ཀྱི་རྩྭ་སའི་ནང་ཡིན་མོད། རྒྱ་ནག་གིས་གནས་ལུགས་དང་ཁྲིམས་ལུགས་གང་ཡང་མི་མཐུན་པར་འདི་ལྟར་འབྲོག་པ་མང་ཚོགས་ལ་སྡུག་བསྔལ་དང་གྱོང་གུད་ཆེན་པོ་བཟོས་འདུག་པ་མ་ཟད། ད་དུང་དོ་བདག་ལ་གྱོང་གུད་ཁ་གསབ་ཀྱི་མ་དངུལ་རྒྱ་སྒོར་གཅིག་ཀྱང་གནང་འཆར་མི་འདུག་ཅེས་བརྗོད་སོང་ལ། དོན་ངོ་མ་རྒྱ་ནག་མི་རིགས་ཀྱི་ཁེ་ཕན་ཁོ་ནའི་ཆེད་དུ་ཡིན་པ་རེད་འདུག་ཅེས་དང་།

གཞན་ཡང་ཁོང་གིས་བརྗོད་དོན། མཚོ་སྔོན་པོ་འབྲོག་པ་མང་ཚོགས་ཀྱིས་རང་ས་ནས་ཡོང་སྒོ་འཚོལ་བ་ནི་བཅའ་ཁྲིམས་དང་འགལ་མི་འདུག་མོད། ས་གནས་སྲིད་གཞུང་གིས་ཁང་པ་རྒྱབ་པའི་མཆོག་མཆན་ཡོད་པའི་ཡིག་ཆ་བཟོ་དགོས་པ་བཤད་ཡོད་ཀྱང་། ཡིག་ཆ་བཟོ་བའི་ཆ་རྐྱེན་དུ་རྒྱ་ནག་སྒོར་མོ་ཁྲི་༥དང་༡༥བར་ཁུར་ཡོང་དགོས་ལབ་འདུག་པ་དང་། ད་ལྟའི་ཆར་ཡང་རྒྱ་སྒོར་ཁྲི་ཆིག་སྟོང་གི་མ་རྩ་ཡོད་ན། ཁང་པ་རྒྱབ་ཆོག་པར་བཤད་འདུག དོན་རྐྱེན་འདི་དག་གི་བྱུང་རྐྱེན་གཙོ་བོ་ནི། ས་གནས་འགོ་ཁྲིད་དང་འབྲེལ་ཡོད་ངན་པ་ལག་འབྲེལ་གྱིས་མི་མང་གི་ཁེ་ཕན་དང་ཡོང་སྒོ་གཡོ་འཕྲོག་བྱེད་ཀྱི་ཡོད་པ་རེད་ཅེས་དང་།

གཞན་ཡང་དེ་རིང་གནས་ཚུལ་ག་འདྲ་ཡིན་མིན་ཡུལ་དངོས་ཀྱི་མི་ཞིག་གིས་བརྡ་རྟགས་ཡོད་པའི་ས་གནས་གཞན་ཞིག་ཏུ་སོང་ནས་གནས་ཚུལ་མཁོ་སྤྲོད་གནང་དོན། སྐད་འཕྲིན་དང་ཁ་པར་ཉིས་ཆ་འགྲོ་གི་མི་འདུག་པ་དང་། བརྒྱུད་ལམ་ཐམས་ཅད་བཀག་འདུག་པ་མ་ཟད།   ད་ལྟ་ཁང་པ་སོགས་གཏོར་སའི་ཉེ་འགྲམ་དུ་འབྲོག་པ་མང་ཚོགས་ཡོང་མི་ཆོག་པ་མ་ཟད། པར་རྒྱག་པ་དང་། གཞན་ལ་གནས་ཚུལ་འདིའི་རིགས་བརྒྱུད་བསྒྲགས་བྱེད་མི་ཆོག་ཅེས་བཙན་བཀའ་བཏང་འདུག་པས། ས་གནས་འབྲོག་པ་མང་ཚོགས་ཅི་བྱ་གཏོལ་མེད་ཀྱི་གནས་སུ་གྱར་འདུག་ལ། ད་རུང་སྦྲ་གུར་ཕར་མ་ཁུར་ནས་མེར་བསྲེགས་གཏོང་རྒྱུ་ཡིན་པར་བརྗོད་འདུག་པ་བཅས།།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།



བརྗོད་གཞི་གཞན་ཁག་ལ་གཟིགས།