༄༅།།༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་བཀའ་སློབ།

མཐའ་མའི་བསྐྱར་བཅོས། (༡༥༢༠༡༠༡༤༥༡) འབྲི་མཁན། ཤམ་བྷ་ལའི་ཕོ་ཉ། ༢༧༢༠༠༩༠༧༤༩

 པར་འདེབས།

 ཤམ་བྷ་ལའི་ཕོ་ཉའི་དྲ་བས་སྤྱི་ལོ་༢༠༠༩ཟླ་༡༡ཚེས་༢༧ཉིན་སྤེལ། ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ཉི་ཤུ་འཁོར་བར་རྟེན་འབྲེལ་ཞུ་བའི་ལས་བྱེད་པའི་ཚོགས་ཆེན་ཐོག་སྩལ་བའི་བཀའ་སློབ། བློ་མཐུན་རྣམ་པ།གྲོགས་པོ་རྣམ་པ། དེ་རིང་ང་རང་བློ་མཐུན་རྣམ་པ་ཚོ་དང་མཉམ་དུ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ཉི་ཤུ་འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུ་རྒྱུ་བྱུང་བས་བདེ་སྐྱིད་དང་དགའ་སྤྲོ་དཔག་མེད་སྐྱེས་བྱུང་གཤིག།ངས་སྙིང་ཐག་པ་ནས་རྣམ་པ་ལྷན་རྒྱས་ཚང་མར་རྟེན་འབྲེལ་ངོས།བཀྲ་ ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

བོད་རང་སྐྱོང་ལྗོངས་དབུ་བརྙེས་པ་དེ་བོད་ལྗོངས་ཀྱི་ལོ་རྒྱུས་ཐོག་དོན་སྙིང་ཧ་ཅང་ཟབ་ཅིང་རྒྱ་ཆེ་བ་ལྡན་པའི་དོན་ཆེན་ཞིག་ཡིན། ཕྱི་ལོ་༡༩༥༡ལོར་བོད་ཞི་བས་བཅིངས་འགྲོལ་ཐོབ་པ་ནས་བཟུང་ཇི་སྲིད་བར་དུ་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་དང་འཆིང་རྒྱ་ལས་གྲོལ་ཏེ་མི་རིགས་ཁག་འདྲ་མཉམ་མཐུན་སྒྲིལ་དང་མཛའ་བཤེས་མཉམ་ལས་བྱེད་པའི་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་ནང་དུ་ལོག་ཐུབ་པ་རེད། དེ་རྗེས་དམངས་གཙོའི་བཅོས་བསྒྱུར་བཏང་སྟེ་བཀས་བཀོད་རྒྱུད་འཛིན་གྱི་ཞིང་བྲན་ལམ་ལུགས་མེད་པ་བཟོས་ནས་མི་རིགས་ས་ཁོངས་རང་སྐྱོང་གི་སྲིད་དབང་བཙུགས་པ་རེད།རང་སྐྱོང་ལྗོངས་དབུ་བརྙེས་པ་དེ་ནི་ཏང་དང་རྒྱལ་ཁབ་ཀྱི་གཅིག་གྱུར་གྱི་འགོ་ཁྲིད་འོག།བོད་ལྗོངས་མི་དམངས་ཀྱིས་མི་རིགས་ས་ཁོངས་རང་སྐྱོང་བྱེད་རྒྱུའི་དབང་ཆ་སྤྱད་ཅིང། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱས་ཏེ།རྒྱལ་ཡོངས་ཀྱི་སྤུན་ཟླ་མི་རིགས་གཞན་དག་དང་ལྷན་ཅིག་ཏུ་ཕྱུག་ལ་སྐྱིད་པའི་འཚོ་བ་གསར་པ་སྐྲུན་མགོ་ཚུགས་པའི་རྟགས་མཚན་རེད།

རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་ཉི་ཤུ་སོང་བའི་རིང་ལ་བསྐྱོད་པའི་ལམ་བུ་དེ་ནི་ཀྱག་ཀྱོག་མང་ཞིང་འབར་འབུར་ཆེ་བ་ཞིག་ཡིན་མོད།འོན་ཀྱང་གྲུབ་འབྲས་དགའ་འོས་པ་ཞིག་ཐོབ་ཡོད་པ་རེད།ལྷག་པར་དུ་ཕྱི་ལོ་༡༩༨༠ལོ་ནས་བཟུང་ཀྲུང་དབྱང་གིས་བོད་ལྗོངས་ཀྱི་དོན་དངོས་གཞིར་བཟུང་སྟེ་དངོས་ཐོག་བདེན་འཚོལ་གྱི་སྒོ་ནས་དུས་སྐབས་གསར་པའི་བོད་ལྗོངས་ཀྱི་ལས་ཀའི་བྱེད་ཕྱོགས་དང་སྲིད་ཇུས་གནད་ཆེན་རྣམས་གཏན་འབེབས་གནང་སྟེ་དམིགས་བསལ་གྱི་བྱེད་ཐབས་ཕྲེང་བརྒྱུས་ལྟ་བུ་ཞིག་ལག་ལེན་བསྟར་བ་དང།ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་ཧུའུ་ཡའོ་པང་དང་ཝན་ལི་སོགས་བོད་ལྗོངས་ལ་སྐུ་ངོ་ཕེབས་ཀྱིས་ལས་ཀར་སློབ་སྟོན་གནང་བར་བརྟེན།བོད་ལྗོངས་ཀྱི་ལས་ཀའི་ནང་གི་གཡོན་གྱི་ནོར་འཁྲུལ་རྣམས་རིམ་གྱིས་ཡོ་བསྲང་བྱས་པ་རེད།

ན་ནིང་ཟླ་༣པར་ཀྲུང་དབྱང་གིས་བོད་ཀྱི་ལས་ཀར་ཡང་བསྐྱར་ཞིབ་འཇུག་གནང་ནས་བོད་ལྗོངས་ལ་ཡང་བསྐྱར་ཤེས་རྟོགས་བྱས་ཐོག་གོམ་གང་མདུན་སྤོས་ཀྱིས་བྱ་བ་གང་ཞིག་ཡིན་རུང་བོད་ཀྱི་དངོས་དོན་གཞིར་བཟུང་ནས་བསྒྲུབ་དགོས་ཞེས་ནན་བཤད་གནང་ཐོག།བོད་ལྗོངས་ཀྱི་རིམ་པ་ཁག་གི་ཏང་སྲིད་ཀྱི་འགོ་ཁྲིད་ལས་ཁུངས་དང་འགོ་ཁྲིད་བློ་མཐུན་ཚང་མས་རང་ཉིད་ཀྱི་སེམས་ཤུགས་གཙོ་བོ་དེ་ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་དཔལ་འབྱོར་གོང་འཕེལ་ཡོང་ཐུང་པ་བྱེད་རྒྱུ་དང།བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱེད་རྒྱུ།འཐབ་ཕྱོགས་གཅིག་གྱུར་དང།མི་རིགས།ཆོས་ལུགས་གསུམ་གྱི་ལས་ཀར་ཧ་ཅང་མཐོང་ཆེན་བྱས་ཏེ་ལེགས་སྒྲུབ་ཐུབ་པར་ནུས་ཤུགས་ཆེན་པོ་འདོན་རྒྱུ་བཅས་གོང་གསལ་ཕྱོགས་དེ་གསུམ་གྱི་ཐོག་སྤོས་ཏེ་སྒྲིམ་དོས་ཞེས་གསལ་སྟོན་གནང་བར་མ་ཟད།ཞིབ་ཕྲའི་སྲིད་ཇུས་དང་བྱེད་ཐབས་མང་པོ་ཞིག་ཀྱང་གཏན་འབེབས་གནང་བ་རེད།ལོ་དེའི་ཟླ་༨པར་ཡང་བློ་མཐུན་ཧུའུ་ཆི་ལི་དང་ཐེན་ཅི་ཡུན་རྣམ་གཉིས་བོད་ལྗོངས་སུ་རྟོག་ཞིབ་གནང་བར་ཕེབས་ནས།བོད་ལྗོངས་ཀྱི་དཔལ་འབྱོར་འཛུགས་སྐྲུན་གྱི་མཛུབ་སྟོན་བསམ་བློ་ནི་རང་ཉིད་ཀྱི་དཔལ་འབྱོར་གསོན་ཤུགས་ཇེ་ཆེར་བཏང་སྟེ་ལེགས་ཆའི་རྒྱུན་འཁོར་ཡོང་བའི་འགྲོ་ལམ་དུ་བསྐྱོད་དགོས་རྒྱུ་དེ་ཡིན་པ་གོམ་གང་མདུན་སྤོས་ཀྱིས་གཏན་འབེབས་གསལ་པོ་གནང་བ་རེད།ལོ་གཅིག་ལྷག་ཙམ་གྱི་རིང་བོད་ལྗོངས་ཀྱི་ལས་ཀ་ཁག་རྣམས་སླར་ཡང་འཕེལ་རྒྱས་མངོན་གསལ་དོད་པོ་བྱུང་ཡོད།ང་ཡང་རྟག་པར་ལྷན་རྒྱས་དང་འདྲ་བར་བོད་ལྗོངས་འདི་ཉིད་མཐུན་སྒྲིལ་དང།ཕྱུག་པོ།དཔལ་ཡོན་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ ལྗོངས་གསར་པ་ཞིག་ཏུ་འཛུགས་སྐྲུན་བྱེད་ཐུབ་རྒྱུར་ཡིད་ཆེད་བརྟན་པོ་ཡོད།

ད་གིན་བློ་མཐུན་ཧུའུ་ ཆི་ལིས་གནང་བའི་གསུངས་བཤད་གལ་ཆེན་དང་བློ་མཐུན་ཝུའུ་ཅིང་ཧྭས་གནང་བའི་སྙན་ ཞུའི་ནང་དུ་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ཉི་ཤུ་སོང་བའི་རིང་ལས་ཀ་ཁག་རྣམས་ལ་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད་པ་དེ་ངེས་གཏན་འཁེལ་ཞིང།དུས་མཚུངས་སུ་ བོད་ལྗོངས་ཀྱི་ཕྱིན་ཆད་ཀྱི་ལས་ཀར་ཁ་ཕྱོགས་གསལ་སྟོན་དང་འབྲེལ་དགོས་འདུན་ བཏོན་པ་དེར་ངས་ཡོངས་སུ་ཡི་རང་དང་བརྩི་བཀུར་ཞུ་གི་ཡིན།

བོད་ལྗོངས་ཀྱི་གནས་ཚུལ་ནི་དམིགས་བསལ་ཅན་ཞིག་ཡིན་སྟབས་མི་རིགས་དང།ཆོས་ལུགས།འཐབ་ཕྱོགས་གཅིག་གྱུར་བཅས་ཀྱི་ལས་ཀ་ཡག་པོ་བྱེད་རྒྱུ་དེ་བོད་ལྗོངས་ཀྱི་འཛུགས་སྐྲུན་གྱི་མྱུར་ཚད་ཇེ་མགྱོགས་སུ་གཏོང་རྒྱུར་དོན་སྙིང་གལ་ཆེན་ཡོད་པར་མ་ཟད།དེས་ཐེ་ཝན་དང།ཀང་ཨའོ།ཡ་གླིང་ཤར་ལྷོའི་རྒྱལ་ཁབ་ཁག་ནས་འཛམ་གླིང་ཡོངས་ལ་ཡང་ཆབ་སྲིད་ཀྱིས་ཤུགས་རྐྱེན་གལ་ཆེན་ཞིག་ཐེབས་ཀྱིན་ཡོད་པ་རེད།ཀྲུང་དབྱང་གིས་བོད་ལྗོངས་ཀྱི་མི་རིགས་དང།ཆོས་ལུགས།འཐབ་ཕྱོགས་གཅིག་གྱུར་གྱི་ལས་ཀར་སྔར་ནས་མཐོང་ཆེན་གནང་གི་ ཡོད་གཤིས།དེ་རིང་ངས་གཙོ་བོ་གནས་དོན་གསུམ་པོ་དེའི་སྐོར་ཞུ་གི་ཡིན།

དང་པོ།མི་རིགས་ཀྱི་ལས་ཀའི་སྐོར།བོད་ལྗོངས་སུ་མི་རིགས་ཀྱི་ལས་ཀ་ཡག་པོ་བྱེད་དགོས་ན་དང་ཐོག་ཏང་གི་མི་རིགས་ས་ཁོངས་རང་སྐྱོང་གི་སྲིད་ཇུས་ལག་ལེན་ཡག་པོ་བསྟར་དགོས།ཚང་མས་མཁྱེན་གསལ་ལྟར།མི་རིགས་ས་ཁོངས་རང་སྐྱོངས་བྱེད་རྒྱུ་དེ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་རང་རྒྱལ་གྱི་མི་རིགས་ཀྱི་གནད་དོན་ཐག་གཅོད་གནང་རྒྱུའི་ཆེད་དུ་བཟོ་བཀོད་བྱས་པའི་རྩ་བའི་སྲིད་ཇུས་ཡིན་ལ།རྩ་ཁྲིམས་ནང་དུ་གཏན་འབེབས་ཟབ་བརྗིད་གནང་བའི་རྒྱལ་ཁབ་ཀྱི་རྩ་བའི་ཆབ་སྲིད་ལམ་ལུགས་ཤིག་ཀྱང་ཡིན།རང་རྒྱལ་གྱིས་མི་རིགས་ས་ཁོངས་རང་སྐྱོངས་ལག་བསྟར་བྱས་ནས་ལོ་བཅུ་ཕྲག་ཁ་ཤས་རིང་གི་ལག་ལེན་དངོས་ཀྱི་ཐོག་ནས་འདི་ནི་རང་རྒྱལ་གྱི་མི་རིགས་ཀྱི་གནད་དོན་དངོས་དང་མཐུན་པ་དང༌། རང་རྒྱལ་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ཞིང༌། སྤྱད་ན་ནུས་པ་ལྡན་པའི་སྲིད་ཇུས་བཟང་པོ་ཞིག་དང་ལམ་ལུག་བཟང་པོ་ཞིག་ཡིན་པ་དེ་ ར་སྤྲོད་བྱུང་བ་རེད༌། མི་རིགས་ས་ཁོངས་རང་སྐྱོང་ཡག་པོ་བྱེད་ཐུབ་མིན་ནི་མི་རིགས་ས་ཁུལ་གྱི་ལས་ཀ་ཁག་རྣམས་ལེགས་ཉེས་ཅི་ཡོང་དང་ཐད་ཀར་འབྲེལ་བ་ཡོད་པ་ཞིག་ཡིན་པ་དང༌། མི་རིགས་ཁག་གི་མཐུན་སྒྲིལ་དང་མེས་རྒྱལ་གྱི་གཅིག་གྱུར་སྲ་བརྟན་ཡོང་ཐུབ་མིན་དང་འབྲེལ་བ་ཡོད་པ་ཞིག་ཡིན་གཤིས་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་རྗེས་ཏང་ཀྲུང་དབྱང་གིས་མི་རིགས་ཀྱི་གནད་དོན་ཐོག་ཟིང་བཅོས་ཡོ་བསྲང་གནང་བའི་ཕྱོགས་གལ་ཆེན་ཞིག་ནི་མི་རིགས་ས་ཁོངས་རང་སྐྱོང་བྱེད་དུ་འཇུག་དགོས་ཞེས་སྟོན་གནང་མཛད་ཡོད་ཅིང།དེས་མི་རིགས་ས་ཁོངས་རང་སྐྱོང་གི་ལམ་ལུགས་འཕེལ་རྒྱས་དང་འཐུས་ཚང་དུ་གཏོང་རྒྱུར་ཁ་ཕྱོགས་གསལ་པོ་ཞིག་བསྟན་ཡོད་པ་རེད།རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་ཕྱི་ལོ་༡༩༨༢ལོར་གྲོས་འཆམ་བྱས་པའི་རྩ་ཁྲིམས་གསར་པའི་ནང་དུ་མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་དབང་ཆ་བསྐྱར་བསྒྲགས་བྱས་པར་མ་ཟད་ཁྱབ་ཆེ་རུ་བཏང་ཡོད་པ་དང།ཕྱི་ལོ་༡༩༨༤ལོར་གྲོས་འཆམ་བྱས་པའི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཀྱི་རྩ་ཁྲིམས་ནང་གཏན་ལ་ཕབ་པའི་རྩ་དོན་གཞིར་བཟུང་ནས་མི་རིགས་ས་ཁོངས་རང་སྐྱོང་བྱེད་རྒྱུའི་ཐད་སླར་ཡང་ཞིབ་ཕྲའི་གཏན་འབེབས་མང་པོ་བྱས་ཡོད་པ་རེད།གཏན་འབེབས་དེ་དག་བྱས་པར་བརྟེན་མི་རིགས་ས་ཁོངས་རང་སྐྱོང་བྱེད་རྒྱུར་བཅའ་ཁྲིམས་ཀྱི་འགན་སྲུང་ཐོབ་ཡོང་གི་རེད།ང་ཚོ་ཚང་མས་ཏང་གི་འགོ་ཁྲིད་འོག་བཅའ་ཁྲིམས་ཀྱི་ཆེ་བ་སྲུང་སྐྱོབ་དང་སྦྲགས།རྩ་ཁྲིམས་དང།མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས།དེ་མིན་གྱི་བཅའ་ཁྲིམས་གཞན་དག་རྣམས་བོད་ལྗོངས་སུ་ལག་བསྟར་མཐིལ་ཕྱིན་བྱེད་ཐུབ་པའི་འགན་ལེན་བྱེད་དགོས།གནད་འགག་ཆེ་ཤོས་བོད་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱི་རྩ་ཁྲིམས་དང་དེ་མིན་གྱི་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ས་གནས་ཀྱི་རྒྱལ་ཁབ་ལས་ཁུངས་ཀྱི་འགན་དབང་དང་རང་སྐྱོང་གི་དབང་ཆ་ལེགས་པར་སྤྱོད་ཐུབ་པ་དང།ས་ཁུལ་དེ་རང་གི་དངོས་ཡོད་གནས་ཚུལ་གཞིར་བཟུང་ནས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་སྲིད་ཇུས་ལག་ལེན་མཐིལ་ཕྱིན་བསྟར་ཐུབ་པ་བྱེད་དགོས།འདིར་ངས་ནན་ཏན་གྱིས་ཞུ་དགོས་པ་ཞིག་ནི་བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད།མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་གོང་འཕེལ་གཏོང་རྒྱུའི་གནད་དོན་དེ་ཡིན།བོད་ལྗོངས་ནི་བོད་རིགས་ཀྱི་མི་གྲངས་ཆེས་མང་ཆེ་བ་ཟིན་པའི་རང་སྐྱོང་ལྗོངས་ཤིག་ཡིན་ཅིང།བོད་ཀྱི་སྐད་ཡིག་ནི་ལོ་ངོ་བརྒྱ་སྟོང་རིང་ཁྱབ་གདལ་དུ་སྤྱོད་པའི་སྐད་ཡིག་ཡིན་པས།ད་ལྟ་ཡང་ཁྱབ་གདལ་དུ་སྤྱོད་པའི་སྐད་ཡིག་ཨང་དང་པོ་དེ་ཡིན་དགོས་ཀྱི།དེ་ནི་རང་སྐྱོང་གི་ཁེ་དབང་གལ་ཆེན་པོ་ཞིག་ཡིན་པར་མ་ཟད།མང་ཚོགས་དང་འབྲེལ་འདྲེས་བྱས་ནས་ལས་ཀ་ལེགས་ འགྲུབ་ཡོང་བ་བྱེད་ཡས་ཀྱི་ལག་ཆ་གལ་ཆེན་ཞིག་ཀྱང་རེད།དེར་བརྟེན་བོད་རིགས་ལས་བྱེད་པ་རྣམས་ཀྱིས་དང་ཐོག་བོད་སྐད་ཡིག་སློབ་སྦྱོང་ཡག་པོ་བྱེད་དགོས་ལ།རྒྱ་རིགས་ལས་བྱེད་པ་རྣམས་ཀྱིས་ཀྱང་བོད་ཀྱི་སྐད་ཡིག་སློབ་སྦྱོང་ཡག་པོ་བྱེད་དགོས། བོད་རིགས་ལས་བྱེད་པ་རྣམས་ཀྱིས་རྒྱ་ཡིག་ཀྱང་སློབ་སྦྱོང་བྱེད་དགོས་མོད།འོན་ཀྱང་དེས་བོད་ཀྱི་སྐད་ཡིག་སློབ་སྦྱོང་བྱེད་རྒྱུའི་ཚབ་བྱེད་མི་རུང།རང་སྐྱོང་ལྗོངས་ཀྱིས་གཞུང་དོན་སྒྲུབ་པ་དང།གཞུང་ཡིག་འགྲེམས་སྤེལ།རྩ་ཚིག་ཁྱབ་བསྒྲགས་སོགས་འགན་དབང་ལག་བསྟར་བྱེད་སྐབས་སུ་བོད་ཀྱི་སྐད་ཡིག་གཙོ་བོ་བྱེད་དགོས།རྒྱ་སྐད་བརྒྱབ་ནས་སྙན་སྒྲོན་ཞུ་བའམ་གཏམ་བཤད་གཏོང་སྐབས་ཚང་མ་བོད་ཀྱི་སྐད་ཡིག་ཏུ་ བསྒྱུར་དགོས། སློབ་གྲྭའི་སློབ་གསོ་བྱེད་སྐབས་ཀྱང་ནན་ཏན་གྱི་སྒོ་ནས་བོད་ཀྱི་སྐད་ཡིག་ཐོག་ ནས་སློབ་ཁྲིད་བྱེད་རྒྱུ་དམ་འཛིན་བྱེད་དགོས། བོད་རིགས་སློབ་གྲྭ་བ་ཞིག་ལ་ཆ་བཞག་ན་དང་ཐོག་བོད་ཀྱི་སྐད་ཡིག་སློབ་སྦྱོང་ཡག་ པོ་བྱེད་དགོས། དེ་ནི་རང་ཉིད་བོད་རིགས་ཡིན་པས་དགོས་འདུན་མ་མཐའ་ཞིག་ཡིན་པར་མ་ཟད། ཁོས་ཕྱིན་ཆད་ཕ་ཡུལ་འཛུགས་སྐྲུན་བྱེད་སྐབས་ཉེ་བར་མཁོ་བའི་ལག་ཆ་ཆེས་རྩ་བར་ གྱུར་པ་ཞིག་ཀྱང་རེད། རྨང་གཞི་དེའི་ཐོག་ནས་རྒྱ་སྐད་རྒྱ་ཡིག་ཀྱང་སློབ་སྦྱོང་བྱེད་དགོས། བོད་ལ་དུས་ཡུན་རིང་པོའི་ལོ་རྒྱུས་ཀྱི་རིག་གནས་ཤུལ་རྫས་ཡོད་པ་སྤྱི་དང༌། ཡང་སྒོས་ཧ་ཅང་རྩ་ཆེ་བའི་རིག་གནས་ཀྱི་སྙིང་བཅུད་མང་པོ་དང་ཁྱད་དུ་འཕགས་པའི་སྲོལ་རྒྱུན་བཟང་པོ་དང་ཡུལ་སྲོལ་གོམ་གཤིས་མང་པོ་ཡོད་པ་རེད། དེར་བརྟེན་བོད་ཀྱི་རིག་གནས་ཚན་རིག་གི་བྱ་གཞག་གོང་འཕེལ་གཏོང་སྐབས་ངེས་པར་དུ་དེང་རབས་ཀྱི་ཚན་རིག་རིག་གནས་སློབ་སྦྱོང་དང་གོང་འཕེལ་གཏོང་རྒྱུ་དང༌། བོད་མི་རིགས་ཀྱི་འོད་སྟོང་འབར་བའི་རིག་གནས་རྒྱུན་འཛིན་དང་གོང་འཕེལ་གཏོང་རྒྱུ་གཉིས་དུས་གཅིག་ཏུ་དམ་འཛིན་དང་དུས་མཉམ་དུ་བརྩི་མཐོང་བྱེད་རྒྱུའི་བྱེད་ ཕྱོགས་རྒྱུན་འཁྱོངས་བྱེད་དགོས་ཤིང༌། དེ་འདྲ་བྱས་ན་གཞི་ནས་མི་རིགས་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཀྱི་བོད་རིགས་ཀྱི་རིགས་ཤིག་ཆགས་ཐུབ་ཀྱི་རེད། བོད་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུ་དེ་ནི་བོད་ཀྱི་ལས་ཀའི་ལྟེ་བའི་ལས་ འགན་ཡིན་ལ། ལོ་རྒྱུས་ཐོག་ནས་ལུས་པའི་མི་རིགས་ཁག་བར་དོན་དངོས་ཐོག་འདྲ་མཉམ་མིན་པའི་གནས་ཚུལ་རིམ་བཞིན་མེད་པ་བཟོ་རྒྱུའི་རྩ་བའི་ཐབས་ཤིག་ཀྱང་ཡིན། ད་ཕན་ལོ་ཤས་རིང་ཀྲུང་དབྱང་གིས་བོད་ལྗོངས་ཀྱི་དཔལ་འབྱོར་འཛུགས་སྐྲུན་གྱི་ཆེད་དུ་དོན་འཁྱོལ་ཐུབ་པའི་བྱེད་ཕྱོགས་དང་དམིགས་བསལ་གྱི་སྲིད་ཇུས་མང་པོ་གཏན་ འབེབས་གནང་ཡོད་སྟབས། ང་ཚོས་བརྟན་ཆོད་འགྱུར་མེད་ཀྱི་སྒོ་ནས་དེ་དག་ལག་ལེན་མཐིལ་ཕྱིན་བསྟར་བའི་རིང་གི་ཆར་གྲུབ་འབྲས་ཆེན་པོ་འཐོབ་ཐུབ་ངེས་ཡིན་པར་ང་ལ་ཡིད་ཆེས་ཡོད། ཀྲུང་དབྱང་དང༌། སྤུན་ཟླའི་ཞིང་ཆེན། གྲོང་ཁྱེར། རང་སྐྱོང་ལྗོངས་ཁག་རྣམས་ཀྱིས་ད་ཕན་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་རྒྱུ་ཤུགས་དང། དངོས་ཤུགས། མི་ཤུགས་བཅས་ཀྱི་ཐད་ནས་བོད་ལྗོངས་ལ་རྒྱབ་སྐྱོར་དང་རོགས་རམ་ཆེན་པོ་གནང་ཡོད་ལ། ཕྱིན་ཆད་ཀྱང་སྔ་མ་ནང་བཞིན་བོད་ལྗོངས་ལ་རོགས་སྐྱོར་ཤུགས་ཆེན་གནང་རྒྱུ་ཡིན་པས་བོད་ལྗོངས་མི་དམངས་ཀྱིས་དེར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་གི་ཡོད། ང་ཚོས་ཕྱིན་ཆད་ཀྱི་དཔལ་འབྱོར་འཛུགས་སྐྲུན་ནང་རྒྱལ་ཁབ་ཀྱི་རོགས་རམ་ལ་གཅེས་སྤྲས་སྔར་ལས་ལྷག་པ་ཞིག་བྱས་ཏེ་རྒྱུ་དངུལ་རྣམས་བོད་ལྗོངས་ཀྱི་དཔལ་འབྱོར་འཕེལ་ཤུགས་ཆེ་རུ་གཏོང་ཐུབ་པའི་བྱ་གཞག་ཐོག་བེད་སྤྱོད་བྱེད་དགོས་པ་ལས་དོན་ མེད་ཆུད་ཟོས་སུ་གཏོང་མི་རུང༌། བོད་ལྗོངས་ཀྱི་དཔལ་འབྱོར་འཛུགས་སྐྲུན་ནང་ངས་ད་དུང་ནན་བཤད་བྱེད་དགོས་པ་ཞིག་ནི་བོད་ཀྱི་སྲོལ་རྒྱུན་གྱི་མི་རིགས་ལག་ཤེ་ས་བཟོ་ལས་དཔེར་ན་སྣམ་བུ་དང༌། ས་གདན། ཁ་གདན། སྲོལ་རྒྱུན་གྱི་ཨར་ལས་འཛུགས་སྐྲུན་སོགས་གོང་འཕེལ་གཏོང་རྒྱུར་མཐོང་ཆེན་བྱེད་ དགོས། དེ་དག་ནི་མི་རིགས་ཆེད་མཁོའི་ཚོང་ཟོག་ཐོན་སྐྱེད་འཕར་སྣོན་ཡོང་བ་བྱེད་རྒྱུ་ དང༌། བོད་མི་དམངས་མང་ཚོགས་ཀྱི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བའི་དངོས་པོ་དོན་ སྙིང་གལ་ཆེན་པོ་ཡོད་པ་ཞིག་རེད། དུས་མཚུངས་ད་དུང་མི་རིགས་རང་གི་ལག་རྩལ་བཟོ་པ་གསོ་སྐྱོང་བྱེད་རྒྱུར་དོ་སྣང་ཆེན་པོ་བྱས་ཏེ་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གི་བཟོ་པ་མང་ཆེ་བ་རག་ལས་བྱེད་མཁན་ཡིན་པའི་གནས་ཚུལ་དེ་བསྒྱུར་བཅོས་གཏོང་དགོས། བོད་རྒྱ་མི་རིགས་བར་དང་སྤུན་ཟླ་མི་རིགས་གཞན་དག་བར་ད་ད་ལྟ་ཤ་ཁྲག་ལྟར་བྲལ་ཐབས་མེད་པའི་འདྲ་མཉམ་དང།མཐུན་སྒྲིལ༌།རོགས་རེས་བཅས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱས་གོ་ང་འཕེལ་ཡོང་བ་དང༌།རང་རེའི་རྒྱལ་ཁབ་འདི་ཉིན་བཞིན་སྲ་བརྟན་དར་རྒྱས་ཡོང་བའི་གཞི་རྩའི་འགན་ལེན་རེད།མི་རིགས་འདྲ་མཉམ་གྱི་རྨང་གཞིའི་ཐོག་མི་རིགས་མཐུན་སྒྲིལ་ཡག་པོ་ཡོང་བ་བྱས་ན་གཞི་ནས་བདེ་བླག་ངང་དཔལ་འབྱོར་དང་རིག་གནས་ཀྱི་འཛུགས་སྐྲུན་ཡག་པོ་བྱེད་ཐུབ་པ་དང༌།གཞི་ནས་མེས་རྒྱས་གྱི་གཅིག་གྱུར་སྲ་བརྟན་བཟོ་ཐུབ་ཞིག་ཡོང་གི་ངས་རྣམ་པ་ཚོའི་རང་གི་མིག་འབྲས་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བྱས་ནས་ཚང་མས་མཛའ་གཅུགས་མཉམ་ལས་དང་ཐུན་མོང་འབད་བརྩོན་བྱེད་རྒྱུའི་རེ་བ་ཞུ་གི་ཡོད།གཉིས་པ་ཆོས་ལུགས་ཀྱི་ལས་ཀའི་སྐོར།ཆོས་དད་རང་མོས་ཀྱི་སྲིད་ཇུས་ལག་ལེན་དང་ཆོས་ལུགས་ཀྱི་ལས་དོན་ལེགས་སྒྲུབ་བྱེད་རྒྱུའི་གལ་ཆེའི་རང་བཞིན་དེའི་སྐོར་ཉེ་བའི་ལོ་ཤས་རིང་ལ་དྲིལ་བསྒྲགས་ཤུགས་ཆེན་བྱས་པའི་རྐྱེན་གྱིས་མི་ཚང་མས་སླར་ཡང་མཐོང་ཆེན་པོ་བྱེད་ཀྱི་ཡོད་པ་རེད།ད་ལྟ་ང་ཚོས་བྱེད་དགོས་པ་ནི་བརྟན་ཆོད་འགྱུར་མེད་ཀྱི་སྒོ་ནས་ཆོས་ལུགས་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་པ་དེཡིན།ལོ་རྒྱུས་ཀྱི་དབང་གིས་ནང་པ་སངས་རྒྱས་ཀྱི་བསྟན་པ་འདིས་བོད་མི་དམངས་ཀྱི་ཁྲོད་དུ་བག་ཆགས་ཡུན་རིང་ལ་གཏིང་ཟབ་པ་ཞིག་ཐེབས་ཡོད།ཆོས་ལུགས་ཀྱི་གནད་དོན་དང་མི་རིགས་ཀྱི་གནད་དོན་གཉིས་འབྲེལ་བ་དམ་པོ་ཡོད་པས་དེ་གཉིས་རྟག་ཏུ་ཕན་ཚུན་བསྣོལ་ནས་བསྡད་ཡོད་པ་རེད།ཆོས་ལུགས་ནི་སྤྱི་ཚོགས་ཀྱི་གནད་དོན་ཞིག་དང༌།སྣང་ཆུང་བྱེད་མི་རུང་བའི་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཤིག་ཡིན་སྟབས།ཆོས་ལུགས་ཀྱི་ལས་ཀར་མཐོང་ཆེན་བྱས་ན་གསར་བརྗེ་དང་འཛུགས་སྐྲུན་གྱི་བྱ་གཞག་ལ་ཕན་ཐོགས་ཆེན་པོ་ཡོང་བ་དང།ཆོས་ལུགས་ཀྱི་ལས་ཀ་སྣང་ཆུང་བྱས་ན་མི་རིགས་མཐུན་སྒྲིལ་དང༌།མེས་རྒྱལ་གཅིག་གྱུར་སྲ་བརྟན་དུ་གཏོང་རྒྱུར་གནོད་པ་ཆེན་པོ་ཡོང་བ་དེ་ཚང་མས་ཤེས་གསལ་དང་མཐོང་གསལ་རེད།དེར་བརྟེན་ང་ཚོས་ངེས་པར་དུ་ཆོས་ལུགས་ཀྱི་ལས་ཀ་ཡག་པོ་བསྒྲུབ་དགོས།དེ་བོད་ལྗོངས་སུ་ཆ་ཚོན་ན་གལ་ཆེའི་དོན་སྙིང་དམིགས་བསལ་ཅན་ཞིག་ཡོད།འོན་ཀྱང་རྒྱལ་ཡོངས་དང་འདྲ་བར་ཆོས་ལུགས་ཀྱི་ལས་ཀ་འགྲོ་ལམ་ཀྱོག་ཀྱོག་ཅིག་བརྒྱུད་མྱོང་ཞིང༌། གཏོར་བཤིག་ནི་དེ་བས་ཀྱང་ཚབས་ཆེ་བ་ཞིག་འཁེལ་ཡོད།ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་རྗེས་སུ་ཏང་གིས་ཆོས་ལུགས་ཐད་འཛིན་པའི་བྱེད་ཕྱོགས་དང་སྲིད་ཇུས་ཡང་དག་པ་རྣམས་སླར་གསོ་དང་ལག་བསྟར་བྱུང་ཞིང༌།ཉེ་བའི་ལོ་ཤས་རིང་ལ་རང་སྐྱོང་ལྗོངས་ཀྱིས་ཆོས་ལུགས་ཀྱི་སྲིད་ཇུས་དོན་འཁྱོལ་བྱེད་རྒྱུའི་ཐད་ལ་ལས་ཀ་མང་པོ་བྱས་ནས་གྲུབ་འབྲས་གཟེངས་སུ་ཐོན་པ་ཞིག་ཐོབ་ཡོད་པ་རེད།ཆོས་དད་རང་མོས་ལ་བརྩི་འཇོག་དང་སྲུང་སྐྱོང་བྱེད་ཀྱི་ཡོད་ཁར། དགོན་པ་འགའ་ཞིག་ཆོས་སྒོ་ཕྱེས་ཤིང་ཉམས་གསོ་བྱས་ནས་ཆོས་དད་ཅན་གྱི་རྒྱ་ཆེའི་མང་ཚོགས་རྣམས་ཀྱི་ཆོས་ལུགས་ཀྱི་འཚོ་བའི་དགོས་མཁོ་རིམ་བཞིན་སྐོང་ཐུབ་དང་སྟབས་བདེ་རུ་འགྲོ་གི་ཡོད་ལ།ཆོས་ཀྱི་བྱེད་སྒོ་སྣ་ཚོགས་ཀྱང་ཉིན་བཞིན་རྒྱུན་ལྡན་དུ་འགྱུར་ཡོད་གཤིས།དེ་ནི་ཚང་མས་དགའ་སྤྲོ་བྱེད་འོས་པའི་སྣང་ཚུལ་བཟང་པོ་ཞིག་རེད༌།ང་ཚོས་ཆོས་ལུགས་ཀྱི་ལས་ཀ་ཡག་པོ་སྒྲུབ་པའི་དམིགས་ཡུལ་ནི་རྒྱ་ཆེའི་མང་ཚོགས་རྣམས་ཀྱི་འདུན་པ་དང་སྟོབས་ཤུགས་ཡོད་ཚད་ཚང་མ་དེང་རབས་ཅན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་སྟོབས་ལྡན་ཞིག་འཛུགས་སྐྲུན་བྱེད་པའི་ཐུན་མོང་གི་དམིགས་ཡུལ་ཐོག་ཏུ་གཅིག་སྡུད་བྱེད་རྒྱུའི་ཆེད་དུ་ཡིན།ཆོས་དད་རང་མོས་འགན་ལེན་བྱེད་རྒྱུ་དེ་ནི་མངོན་མངོན་རྗེན་རྗེན་གྱི་བྱ་བ་ཞིག་ཡིན་པ་ལས་ངོས་འཛིན་རྒྱུ་མེད་པའི་སྤྱི་ཡོམ་གྱི་འབོད་ཚིག་ཅིག་མ་རེད།དེར་བརྟེན་ཕྱིན་ཆད་ང་ཚོས་གོམ་གང་མདུན་སྤོས་ཀྱིས་བསྒྲུབ་དགོས་པའི་ལས་ཀ་ད་དུང་མང་པོ་ཞིག་ཡོད་དེ།ང་ཚོས་མུ་མཐུད་ནས་ཆོས་ལུགས་སྐོར་གྱི་སྲིད་ཇུས་ཁག་རྣམས་དོན་འཁྱོལ་མཐིལ་ཕྱིན་ཡོང་བ་དང། སྔར་ནས་ལུས་པོའི་རྨས་སྐྱོན་རྣམས་བཅོས་པ་ཡག་པོ་བྱེད་དགོས།མང་ཚོགས་ཀྱི་རེ་འདུན་ལྟར་འོས་འཚམ་གྱི་སྒོ་ནས་གྲུབ་མཐའ་ཁག་གི་དགོན་པ་དང་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ས་མང་ཙམ་ཞིག་གི་སྒོ་མོ་འབྱེད་དགོས།གྲྭ་གཙུན་དང་ཆོས་ལུགས་ལས་རིགས་པ་རྣམས་ལ་རྒྱལ་གཅེས་ཁྲིམས་སྲུང་བྱས་ནས་ལྷིང་འཇགས་སྒྲིལ་གྱི་ཆབ་སྲིད་ཀྱི་གནས་བབ་སྲ་བརྟན་གཏོང་རྒྱུ་དང་དེང་རབས་ཅན་བཞིའི་འཛུགས་སྐྲུན་བྱེད་རྒྱུར་ལེགས་སྐྱེས་འབུལ་ཐུབ་པ་བྱེད་དགོས་པ་དང།དུས་མཚུངས་སུ་ཆོས་ལུགས་ལ་གཅེས་སྐྱོང་དང་རྒྱལ་བ་ཤཱཀྱ་ཐུབ་པའི་བསྟན་པའི་དགོངས་དོན་ལ་བརྩི་སྲུང་ཞུ།རྒྱུན་འཁྱོངས་ཀྱི་སྒོ་ནས་འབད་བརྩོན་ཆན་པོས་རང་ཉིད་མིང་དོན་མཚུངས་པའི་གྲྭ་བཙུན་དང་ཆོས་པ་ཞིག་ཏུ་འགྱུར་བ་བྱེད་དགོས་པའི་སློབ་གསོ་གཏོང་དགོས།ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་གང་གི་འབྲེལ་ཡོད་གཏན་འབེབས་ལྟར་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ས་ཚང་མ་སྲིད་གཞུང་གི་ཆོས་ལུགས་དོན་གཅོད་སྡེ་ཁག་གི་འགོ་ཁྲིད་འོག།ཆོས་ལུགས་ཀྱི་རྩ་འཛུགས་དང།ཆོས་བྱེད་མི་སྣ་རང་གིས་འགན་ཁུར་དོ་དམ་བྱེད་དགོས།རྒྱལ་ཁབ་ལ་དགའ་ཞེན་དང།ཆོས་ལ་དད་ཞེན།ཤེས་བྱ་ཡོད་ལ་འཇོན་ཐང་ལྡན་པ།དད་ལྡན་མང་ཚོགས་ཀྱིས་ཡིད་ཆེས་དང་གུས་བཀུར་ཞུས་པའི་མི་སྣ་རྣམས་དགོན་པ་གཙོ་སྐྱོང་བྱེད་མཁན་དུ་དམིགས་ནས་གྲྭ་བཙུན་རྣམས་རང་ཁྱིམ་རང་བདག་བྱེད་དུ་བཅུག་སྟེ།ང་ཚོའི་དགོན་པ་རྣམས་དགོན་པ་ནང་བཞིན་ཡོང་བ་དང།གྲྭ་བཙུན་རྣམས་གྲྭ་བཙུན་ནང་བཞིན་ཡོང་བ་ཞིག་བྱེད་དགོས།མིག་སྔར་གྲྭ་བཙུན་རྣམས་ལོ་ན་བགྲེས་ཤིང།རྒྱུན་འཛིན་བྱེད་མཁན་དཀོན་པའི་གནས་སུ་གྱུར་ཡོད་གཤིས།ང་ཚོས་ཆོས་ཀྱི་གྲུབ་མཐའ་རིས་མེད་ཀྱི་སྒོ་ནས་དེ་དག་ཚང་མ་སོ་སོའི་ནང་དུ་ཆབ་སྲིད་ཐོག་རྒྱལ་གཅེས་ཁྲིམས་སྲུང་ཞུ་མཁན་ཡིན་ལ།ཆོས་ལུགས་ཐོག་དད་འདུན་བརྟན་ཞིང་ཤེས་ཡོན་ཡོད་མཁན་གྱི་ཆོས་བྱེད་མི་སྣ་ན་གཞོན་ཁག་གཅིག་སྐྱེད་སྲིད་དང་གསོ་སྐྱོང་གིས་ནང་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱས་ཏེ་གནས་ཚུལ་གསར་པ་དང་ལས་འགན་གསར་པའི་དགོས་མཁོ་དང་མཐུན་པ་དང།རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱི་ཆོས་ཀྱི་འཚོ་བའི་དགོས་མཁོ་སྐོང་ཐུབ་པ་བྱེད་དགོས།དེ་མིན་ང་ཚོས་ད་དུང་བཀའ་བསྟན་འགྱུར་སོགས་དཔེ་སྐྲུན་བྱེད་རྒྱུ་དང།སྐུ་རྟེན་སྣ་ཚོགས་བཞེངས་རྒྱུ།ཆོས་ཀྱི་མཁོ་ཆས་སྣ་ཚོགས་ཐོན་སྐྱེད་བྱེད་རྒྱུ་བཅས་ཀྱི་ལས་ཀ་ཡང་གང་ལེགས་བསྒྲུབ་དགོས།ཀྲུང་དབྱང་གི་འབྲེལ་ཡོད་འཛུབ་སྟོན་གྱི་དགོངས་དོན་ལྟར་དགོན་པ་དང་ཆོས་ལུགས་ལས་རིགས་ཀྱི་མི་རྣམས་ཀྱིས་རྒྱུན་ལྡན་གྱི་ཆོས་ལུགས་ཀྱི་བྱེད་སྒོར་ཤུགས་རྐྱེན་མི་ཐེབས་པའི་ཆ་རྐྱེན་འོག་སྤྱི་ཕན་དང།ཕན་བདེ།ཞབས་འདེགས་སོགས་སྤྱི་ཚོགས་འཕེལ་རྒྱས་ལ་སྨན་པའི་བྱ་གཞག་འགའ་ཤས་འཛུགས་གཉེར་བྱས་ཆོག་གི་རེད།དེ་འདྲ་བྱས་ན་ཡོང་འབབ་འཕར་སྣོན་བྱུང་ནས།དགོན་པ་ཉམས་གསོ་དང་གྲྭ་བཙུན་གྱི་འཚོ་བ་ལེགས་བཅོས་བྱེད་ཐུབ་ལ།རྒྱལ་ཁབ་ཀྱི་ཁུར་པོའང་ཡང་གཏོང་ཐུབ་ཀྱི་རེད།ཆོས་ལུགས་མི་སྣ་ཚོགས་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་མཐུན་པའི་ཆོས་ཀྱི་དགོངས་དོན་གཞིར་བཟུང་སྟེ་ཆོས་ལ་དད་པ་བྱེད་མཁན་མང་ཚོགས་ལ་བཀའ་བརྩི་ཁྲིམས་སྲུང་དང།གཞན་ཕན་སྤྱི་སྨན།སློབ་བརྩོན་ཡར་འགྲོ།ལས་བརྩོན་ཕྱུག་ཆགས་བཅས་བྱེད་རྒྱུའི་ཁ་ཏ་སློབ་སྟོན་བྱེད་རྒྱུར་སྐུལ་མ་གཏོང་དགོས།ང་ཚོས་ནན་ཏན་གྱི་སྒོ་ནས་ཆོས་དད་རང་མོས་ཀྱི་སྲིད་ཇུས་ལག་ལེན་མཐིལ་ཕྱིན་བྱས་ཏེ།ཧུར་བརྩོན་ཆེན་པོས་ལས་ཀ་དེ་དག་ལེགས་སྒྲུབ་བྱེད་ཐུབ་ན་སྤྱི་ཚོགས་ཧྲིལ་པོ་ལྷིང་འཇགས་མཐུན་སྒྲིལ་ཡོང་བར་ཕན་ཐོགས་ཡོད་པར་མ་ཟད།ཆོས་ལ་དད་པ་བྱེད་མཁན་གྱི་རྒྱ་ཆེའི་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་སྐུལ་སློང་བྱས་ཏེ་ཁོ་ཚོས་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་རྒྱུར་སོ་སོའི་ནུས་པ་འདོན་དུ་འཇུག་རྒྱུར་ཡང་ཕན་ཐོགས་ཡོང་ གི་རེད།

གསུམ་པ།འཐབ་ཕྱོགས་གཅིག་གྱུར་གྱི་ལས་ཀའི་སྐོར།ལོ་བཅུ་ཕྲག་ཁ་ཤས་རིང་གི་བོད་ལྗོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་ཀའི་ཐད་ཀྱི་དྲང་ཕྱོགས་དང་ལྡོག་ཕྱོགས་གཉིས་ཀྱི་ཉམས་མྱོང་དང་བསླབ་བྱའི་ཐོག་ནས་ང་ཚོར་ཏང་གི་འཐབ་ཕྱོགས་གཅིག་གྱུར་གྱི་སྲིད་ཇུས་དེ་ནི་གསར་བརྗེའི་དམག་འཁྲུག་གི་དུས་སྐབས་སུ་ཡིན་ནའང་འདྲ།སྤྱི་ཚོགས་རིང་ལུགས་ཀྱིགསར་བརྗེ་དང་འཛུགས་སྐྲུན་གྱི་དུས་སྐབས་སུ་ཡིན་ནའང་འདྲ།རྒྱལ་ཁ་ཐོབ་པ་བྱེད་ཡས་ཀྱི་ནོར་བུ་ནུས་ལྡན་རླབས་ཆེན་ཞིག་ཡིན་པ་དེ་མྱོང་ཚོར་གཏིང་ཟབ་ཅིག་བྱུང་ཡོད་པ་རེད།བོད་ཞི་བས་བཅིངས་འགྲོལ་བཏང་བའི་ཐོག་མའི་དུས་སྐབས་སུ་མའོ་ཀྲུའུ་ཞི་དང་ཀྲོའུ་ཙུང་ལི་སོགས་གསར་བརྗེའི་མཁས་ཅན་རྒན་རབས་རྣམས་ཀྱི་སྙིང་ཉེ་བའི་ཐུགས་ཁུར་དང་ཞིབ་ཕྲའི་སློབ་སྟོན་འོག་བོད་ལྗོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་ཀ་དེ་ཧ་ཅང་ཡག་པོ་བྱས་ཡོད་པ་རེད།

འོན་ཀྱང་རྗེས་སུ་གཡོན་གྱི་ཤུགས་རྐྱེན་ཐེབས་པ་དང་ལྷག་པར་དུ་ལོ་བཅུའི་ནང་ཟིང་བྱུང་བའི་དབང་གིས་འཐབ་ཕྱོགས་གཅིག་གྱུར་གྱི་ལས་ཀར་གཏོར་བཤིག་ཧ་ཅང་ཆེན་པོ་ཐེབས་ཡོད།ཉེ་བའི་ལོ་ཤས་རིང་ཏང་ཀྲུང་དབྱང་གིས་བོད་ལྗོངས་ཀྱི་དངོས་དོན་གཞིར་བཟུང་སྟེ་བོད་ལྗོངས་སུ་འཐབ་ཕྱོགས་གཅིག་གྱུར་གྱི་ལས་ཀ་ཡག་པོ་བསྒྲུབ་རྒྱུ་དེར་དོན་སྙིང་གལ་ཆེན་དམིགས་བསལ་ཅན་ཞིག་ཡོད་པ་ཞེས་ཡང་ནས་ཡང་དུ་གསལ་སྟོན་གནང་གི་ཡོད།དེར་བརྟེན་བོད་རང་སྐྱོང་ལྗོངས་ཀྱིས་འཐབ་ཕྱོགས་གཅིག་གྱུར་གྱི་ལས་ཀ་དེ་རང་རེའི་ལས་ཀའི་གྲོས་རིམ་ཉིན་ཐོ་གལ་ཆེན་པོ་ཞིག་གི་ཐོག་ཏུ་འཇོག་དགོས་ཤིང།བོད་ལྗོངས་ཀྱི་ཆོས་ལུགས་ལས་རིགས་དང་གོང་རིམ་མི་སྣ་ཆེས་མང་ཆེ་བ་ནི་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་དང་མེས་རྒྱལ་གྱི་གཅིག་གྱུར་སྲུང་སྐྱོབ་བྱེད་མཁན་དང།བོད་ལྗོངས་ཀྱི་དཔལ་འབྱོར་དང་རིག་གནས་འཕེལ་རྒྱས་གཏོང་རྒྱུར་སོ་སོའི་ནུས་ཤུགས་འདོན་འདོད་ཡོད་མཁན་ཞིག་ཡིན་པ་དེར་ཡིད་ཆེས་བྱེད་དགོས།ཏང་གི་སྲིད་ཇུས་ཀྱི་གཏན་འབེབས་ལྟར་དུས་སྐབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་ཀའི་བྱ་ཡུལ་ནི་བཅིངས་འགྲོལ་མ་བཏང་གོང་དང་བཅིངས་འགྲོལ་བཏང་རྗེས་ཀྱི་བོད་ལྗོངས་སུ་གོ་གནས་ དང་མིང་གྲགས་ཡོད་པའི་དམག་སྲིད་དང།མི་རིགས།ཆོས་ལུགསལས་རིགས་བཅས་ཀྱི་གོང་རིམ་རྒྱལ་གཅེས་མི་སྣ་དང།དེ་ཚོའི་ནང་གི་ད་ལྟ་བསྡད་ཡོད་པའམ་དེ་སྔ་གྲོངས་ཚར་བ་ རྣམས་ཀྱི་ནང་མི་དང་བུ་ཕྲུག།ཆོས་བྱིད་མི་སྣ།

དམངས་གཙོའི་བཅོས་ བསྒྱུར་བྱེད་སྐབས་ཀྱི་བླུ་ཉོ་བྱ་ཡུལ་དང་དེ་ཚོའི་ནང་མི་དང་བུ་ཕྲུག་མངའ་ཚབ། བོད་རིགས་ནང་གི་ཤེས་ཡོན་ཅན་རྙིང་པ་དང་དམངས་ཁྲོད་ཀྱི་རིག་རྩལ་པ་བཅས་ཡིན་པར་མ་ཟད།ད་དུང་ཕྱི་རྒྱལ་ལ་བྲོས་བྱོར་དུ་ཕྱིན་པའི་མི་སྣ་ཚོའི་བོད་དུ་ཡོད་པའི་ནང་མི་བུ་ཕྲུག་དེ་སྔ་བཙོན་འཇུག་དོ་དམ་བྱས་ནས་ཉེས་དུས་ཐིམ་སྟེ་གློད་བཀྲོལ་བཏང་བའམ་གུ་ཡངས་བཏང་སྟེ་གློད་བཀྲོལ་བཏང་བའི་དམག་སྲིད་མི་སྣ་རྙིང་པ་རྣམས་ཀྱང་ཚུད་ཡོད་པ་གསལ་པོ་ཤེས་ཐུབ་པ་བྱེད་དགོས་ཀྱི་རེད།མི་དེ་ཚོ་རྒྱལ་ཁབ་ལ་གཅེས་ཕྱིན་ང་ཚོས་བྱེད་ཐབས་དམིགས་བསལ་ཅན་སྤྱད་དེ་ཁོ་ཚོའི་སློབ་སྦྱོང་དང།ལས་ཀ་འཚོ་བ་འཅས་བཀོད་སྒྲིག་འོས་འཚམ་ཞིག་བྱེད་དགོས་པ་དང།ཁོ་ཚོར་ཡིད་ཆེས་གང་ཆེ་བྱས་ཏེ་ཁོ་ཚོའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་དངོས་གནས་དྲང་གནས་ལྷག་བསམ་ཟོལ་མེད་དང་གློ་སྙིང་སྟོན་རེས་ཐུབ་པ་ཞིག་ཡོང་བ་བྱེད་དགོས། ཉེ་བའི་ལོ་གཅིག་གཉིས་ནང་རང་སྐྱོང་ལྗོངས་ཀྱིས་འཐབ་ཕྱོགས་གཅིག་གྱུར་གྱི་སྲིད་ཇུས་དོན་འཁྱོལ་བྱེད་རྒྱུའི་ཐད་ལ་ལས་ཀ་མང་པོ་བྱས་ནས་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད་པ་རེད།ངས་ལྷན་རྒྱས་ཚང་མར་ཕྱིན་ཆད་མུ་མཐུད་དེ་འཐབ་ཕྱོགས་གཅིག་གྱུར་གྱི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ཏེ་མཐུན་སྒྲིལ་བྱེད་ཐུབ་པའི་མི་ཚང་མ་བོད་ལྗོངས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་བྱ་གཞག་ཐོག་ཏུ་མཐུན་སྒྲིལ་བྱེད་ཐུབ་པའི་རེ་བ་ཞུ་རྒྱུ་ཡིན།

བློ་མཐུན་རྣམ་པ། གྲོགས་པོ་རྣམས་པ།བོད་ལྗོངས་ཀྱི་མི་རིགས་དང།ཆོས་ལུགས།འཐབ་ཕྱོགས་གཅིག་གྱུར་བཅས་ཀྱི་ལས་ཀ་ཡག་པོ་སྒྲུབ་རྒྱུ་དེ་མི་རིགས་ཀྱི་མཐུན་སྒྲིལ་ལ་ཤུགས་སྣོན་དང། མེས་རྒྱལ་གྱི་གཅིག་གྱུར་སྲུང་སྐྱོང།དར་རྒྱས་དང།ཕྱུག་པོ།དཔལ་ཡོན་བཅས་ལྡན་པའི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་རྒྱུར་དོན་སྙིང་ཧ་ཅང་ཆེན་པོ་ཡོད་པ་རེད།ངས་ལྷན་རྒྱས་ཚང་མ་དང་མཉམ་དུ་ལས་ཀ་དེ་ཡག་པོ་སྒྲུབ་འདོད་བྱེད་ཀི་ཡོད།

བློ་མཐུན་རྣམ་པ། གྲོགས་པོ་རྣམ་པ།རང་རེའི་རྒྱལ་ཁབ་ཧྲིལ་པོའི་གནས་ཚུལ་ནི་ཧ་ཅང་ཡག་པོ་རེད་ལ། བོད་ལྗོངས་ཀྱི་མདུན་ལམ་ཡང་འོད་སྟོང་འབར་བ་ཞིག་རེད།ང་ཚོས་ནན་ཏན་གྱི་སྒོ་ནས་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་གྱི་ལམ་ཕྱོགས་དང།བྱེད་ཕྱོགས།སྲིད་ཇུས་བཅས་དང་ཏང་གི་ཚོགས་ཆེན་བཅུ་གཉིས་ཟུང་འབྲེལ་ཡང་དག་པ་བྱས་ཏེ་དངོས་སུ་ལག་ལེན་འཁྱོལ་ཐུབ་པའི་གོམ་རིམ་དང།ཐབས་ཤེས།བྱེད་ཐབས་བཅས་སྤྱད་དེ་མཐའ་འཁྱོངས་བྱས་པ་ཡིན་ན།བདེ་སྐྱིད་ཕུན་སུམ་ཚོགས་ཤིང་དར་རྒྱས་གོང་དུ་འཕེལ་བའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ཞིག་འཛམ་གླིང་གི་ཡང་སྟེང་དུ་ཐོན་ཐུབ་ངེས་རེད།ངས་ཞུས་ཚར།ཚང་མར་ཐུགས་རྗེ་ཆེ་ཞུ་ རྒྱུ་ཡིན།

༼གསལ་བཤད་༽བཀའ་སློབ་ཚན་པ་འདི་ནི་བོད་རང་སྐྱོང་ལྗོངས་ཀྱིས་འགྲེམ་སྤེལ་བྱས་པའི་དཔར་མ་དེབ་ཆུང་ཞིག་ཡོད་པ་མ་ཕྱི་དེ་ཉིད་སོར་བཞག་བྱས་ཞེས་འཁོད་འདུག།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།



བརྗོད་གཞི་གཞན་ཁག་ལ་གཟིགས།