choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


ཞུ་གཏུགས་བྱེད་མཁན་སློབ་མ་༢༩་འཇུ་བཟུང་རྡུང་རྡེག་བྱས་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༤།༡༡ཉིན་སྤེལ། བོད་ནང་དུ་ལས་ཞུགས་ཀྱི་ལམ་ཁ་ཡང་དག་ཡོང་ཆེད་དུ་གོང་རིམ་ལ་ཞུ་གཏུགས་བྱེད་མཁན་སློབ་མ་༢༩ལ། ས་གནས་༡༡༠་ཅན་གྱི་ཉེན་རྟོག་པས་འཛིན་བཟུང་དང་རྡུང་རྡེག་མནར་གཅོད་བཏང་ཡོད་པའི་གནས་ཚུལ་འདུག

དེ་ཡང་འབྲེལ་ཡོད་ཀྱིས་གནས་ཚུལ་འགྲེལ་བརྗོད་གནང་དོན། མདོ་སྨད་རྨ་ཆུ་རྫོང་ས་གནས་རང་དུ་ཡིན་པའི་སློབ་ཆེན་སློབ་མ་༢༩་ཙམ་གྱིས་འདས་པའི་མི་ལོ་གསུམ་ནས་བཞི་བར་གཞི་རིམ་གྱི་སྲིད་གཞུང་དང་། ནགས་ལས་ལས་ཁུངས་སོགས་སུ་བྱ་བ་སྒྲུབ་བཞིན་པའི་སྐབས་སུ། གོང་རིམ་ནས་ཐག་གཅོད་ཡིན་ཚུལ་གྱི་སྒོ་ནས་ལས་གནས་དེ་དག་ལས་ཕྱིར་ཕུད་བཏང་ཡོད་འདུག་ཅེས་དང་།

ཟླ་འདིས་ཕྱི་ཚེས་༨ཉིན་སློབ་ཕྲུག་ཕོ་མོ་གྲངས་༢༩་ཡིས་འཕྲེད་དར་འཕྱར་སྟེ། གོང་རིམ་ནས་དྲང་བདེན་གྱི་སྒོ་ནས་ཐག་གཅོད་ཡོང་བར་རེ་ཞུ་བྱས་བར། ས་གནས་༡༡༠་ཅན་གྱི་ཉེན་རྟོག་པས་སློབ་མ་རྣམས་འཛིན་བཟུང་དང་རྡུང་རྡེག་མནར་གཅོད་བཏང་ཡོད་པ་མ་ཟད། ལག་ཐོག་ཁ་པར་བཅག་པ་དང་གསེར་གྱི་མཛུབ་དཀྲིས་བོར་བརླག་ཏུ་སོང་བའི་གནས་ཚུལ་བྱུང་འདུག

གཞན་ཡང་འདས་པའི་མི་ལོ་གསུམ་ནས་བཞི་བར་སྲིད་གཞུང་གི་གཞི་རིམ་དང་ནགས་ལས་ལས་ཁུངས་སོགས་སུ་བྱ་བ་གཉེར་མཁན་རྨ་ཆུ་ས་གནས་ཀྱི་བོད་རིགས་སློབ་མ་༢༩་ལ་ལས་གནས་ནས་ཕྱིར་ཕུད་བཏང་བ་ཡིན་པའི་ཡི་གེ་འབྱོར་བ་ཡོད་པ་དང་། ཁོང་ཚོའི་ཚབ་དུ་རྔ་བ་དང་ཅོ་ནེ་འབྲུག་ཆུ་སོགས་ནས་ལས་བྱེད་བསྡུས་འདུག་ལ། ཡིན་ན་ཡང་དོན་དངོས་ཐོག་འདས་པའི་ལོ་ཁ་ཤས་ཀྱི་གོང་ནས་བཟུང་ལོ་རེར་བྱ་བའི་ཡིག་རྒྱུགས་སྐབས་སུ། ས་གནས་རང་གི་སློབ་མ་རེ་ཟུང་མ་གཏོགས་ཡིག་རྒྱུགས་འཕྲོད་ཡོད་མེད་ཀྱི་ལྐོག་ཇུས་འཐེན་སྟེ། ས་གནས་གཞན་པའི་སློབ་མ་རྣམས་ལ་བྱ་བ་སྤྲོད་པ་དེ་ནི། ལྐོག་དངུལ་ཁོ་ན་བེད་སྤྱོད་བཏང་བར་བརྟེན། ད་རེབ་ཡིན་ན་ཡང་རེ་ཞུ་བྱེད་མཁན་སློབ་མ་ཚོར་ཁ་གཡར་ས་ཞིག་བཙལ་ནས་ཕྱིར་ཕུད་བྱས་པར། ས་གནས་རྫོང་དཔོན་གྱི་བྱེད་ལས་དེ་དྲང་བདེན་ཡོང་བར་རེ་ཞུ་བྱས་པ་ཞིག་རེད་འདུག

འོན་ཀྱང་ཞུ་གཏུགས་ལས་འགུལ་གྱི་སྐབས་སུ། ༡༡༠ཅན་གྱི་ཉེན་རྟོག་པ་སླེབས་ནས་སློབ་མ་རྣམས་འཇུ་བཟུང་དང་རྡུང་རྡེག་མནར་གཅོད་བཏང་སྟེ། ལག་གི་ཁ་པར་བཅག་པ་དང་སློབ་མ་ཁ་ཤས་ཀྱི་གསེར་གྱི་མཛུབ་དཀྲིས་བོར་བརླག ད་དུང་ཁོང་ཚོའི་ལུས་ཀྱི་ལྭ་བ་རྣམས་རྩབ་ཧྲུལ་དུ་བཏང་སྟེ་བཀག་འགོག་བྱས་ཡོད་འདུག

དེ་རྗེས་སློབ་མའི་ཁྱིམ་བདག་རྣམས་ལ་སྐད་བཏང་ཡོད་པ་དང་། ཁྱིམ་བདག་རྣམས་ཀྱིས་རྡུང་རྡེག་ཐེབས་པའི་སློབ་མ་ཚོའི་གནས་སྟངས་མཐོང་མ་ཐག ཧ་ཅང་བློ་ཕམ་ཆེན་པོ་བྱུང་ཡོད་པ་དང་། ཉེན་རྟོག་པས་ཁོ་ཚོར་གནས་ཚུལ་དང་འདྲ་པར་སོགས་ཁ་པར་ནང་ཉར་ཚགས་བྱས་མི་ཆོག་པ་དང་། གལ་ཏེ་སྐད་འཕྲིན་སོགས་ཀྱི་ནང་ཉར་བ་ཤེས་རྟོགས་བྱུང་ཚེ་མི་ལོ་གསུམ་ནས་བཞི་བར་བཙོན་འཇུག་བྱ་རྒྱུ་ཡིན་པའི་འཇིགས་སྐུལ་བྱས་ཡོད་འདུག

དེར་བརྟེན་སློབ་མའི་ཁྱིམ་བདག་ཚོས་གནས་ཚུལ་འདིའི་སྐོར་གཞན་ལ་བཤད་ཐུབ་ཀྱི་མེད་པ་དང་། ད་དུང་དེ་འདྲའི་སློབ་ཆེན་མཐར་ཕྱིན་སློབ་མ་བདུན་བཅུ་ནས་བརྒྱད་བཅུ་ཙམ་ཡོད་ཀྱང་། ད་ལྟ་སློབ་མ་དེ་དག་ཀྱང་རེ་ཞུ་བྱེད་པར་ཡོང་བཞིན་ཡོད་འདུག

གནས་ཚུལ་འདིའི་ནང་དུ་། སློབ་མ་ཚོའི་བསམ་ཚུལ་གཙོ་བོ་དེ་ནི། རྫོང་དཔོན་གྱི་ངོས་ནས་ཐོབ་དང་གོ་ས་བེད་སྤྱོད་ཀྱིས་སྲིད་གཞུང་ཁ་ལ་ཁྱེར་སྟེ་དྲང་བདེན་མིན་པའི་སྒོ་ནས། དཔེར་ན་མི་རྩ་མི་བདག་ཡོད་མཁན་དང་ལྐོག་དངུལ་སྟེར་མཁན་གྱི་ཡུལ་ཕྱོགས་གཞན་གྱི་སློབ་མ་རྣམས་ཐད་ཀར་བྱ་བའི་ལས་གནས་སུ་ཞུགས་སུ་བཅུག་པ་དང་། དེ་མིན་འབྲོག་པའི་བུ་ཕྲུག་རྒྱབ་རྩ་མེད་མཁན་ཚོར་དེ་ལྟར་ཕྱིར་ཕུད་བྱས་པ་ཡིན་པས། དེ་ལ་དྲང་བདེན་ཞིག་ཡོང་བར་རེ་ཞུ་བྱས་བ་རེད་འདུག

གོང་ཚེ་ཉིན་ཞུ་གཏུག་སློབ་མ་རྣམས་འཛིན་བཟུང་བྱས་ནས་དགོང་མོ་མཚན་གྱི་ཆུ་ཚོད་གསུམ་པ་ཙམ་ལ་གློད་གྲོལ་གཏོང་འཆར་བྱེད་སྐབས། སློབ་མ་ཚོས་ང་ཚོ་འཛིན་བཟུང་བྱེད་མཁན་དང་གཅར་རྡུང་བྱེད་མཁན་སོགས་བཀོད་སྒྲིག་བྱེད་མཁན་རྫོང་དཔོན་ཡིན་པས། གལ་ཏེ་རྫོང་དཔོན་གྱིས་ང་ཚོ་ཕྱིར་སོང་ཅེས་དངོས་སུ་མ་བཤད་ཚེ། ཕྱིར་འགྲོ་རྒྱུ་མིན་ཞེས་བཤད་དེ། ཕྱི་ཚེ་༠༩ཉིན་ཕྱི་དྲོ་ཆུ་ཚོད་དྲུག་པ་ཙམ་ལ་ད་དུང་བཀག་ཉར་ཁང་དུ་ཡོད་པར་འབྲེལ་ཡོད་ཀྱིས་བརྗོད་སོང་བ་བཅས།།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།