པེ་ཅིན་ནས་རྙེད་པའི་བོད་དང་དེའི་གཟི་བརྗིད།

 པར་འདེབས།

༢༠༡༦།༠༤།༠༥ཉིན་སྤེལ།      མདོར་ན་པེ་ཅིན་ནི་མི་ཚོགས་ཀྱིས་གྲུབ་པའི་མཚོ་མོ་ཞིག་སྟེ། མི་མང་བོ་ཞིག་རྒྱ་མཚོ་འདིའི་རླབས་རྒྱུན་གྱིས་དྲངས་ཏེ་ཐ་ན་རང་ཉིད་དང་བཅས་ པའང་བོར་འགྲོ་ལ། མི་མང་བོ་ཞིག་རླབས་ཀྱིས་གྲམ་པར་དེད་ནས་གད་སྙིགས་སུ་ལྷུང་བཞིན་ཡོད། དེའི་ཁྲོད་ན་བོད་རིགས་ན་གཞོན་ཡང་མང་བོ་ཞིག་ཡོད།

(གྱི་ལིང་འཇིགས་མེད་ཀྱི་འཕྲིན་སྟེགས་ལས་འོས་སྦྱོར་བྱས།)
     པེ་ཅིན་ཞེས་པ་རྒྱ་སྐད་དེ་བྱང་གི་རྒྱལ་ས་ཞེས་པའི་དོན་རེད། དེ་ནི་མེན་རྒྱལ་རབས་ཀྱི་གོང་མས་གནས་འདིར་རྒྱལ་ས་གསར་དུ་སྤོས་པ་ནས་ཐོགས་པར་བཤད། དེ་ནས་བཟུང་ད་ལྟའི་བར་གཞི་རྩའི་སྟེང་ནས་རྒྱལ་རབས་རིམ་བྱོན་གྱི་རྒྱལ་ས་གནས་འདིར་གཏན་འཇགས་བྱུང་བས། མི་སེར་རྣམས་ཀྱི་སེམས་སུའང་པེ་ཅིན་ཞེས་པ་རྒྱལ་སའི་དོན་ཡིན་པ་ལྟ་བུའི་གོ་བ་ཞིག་ངང་གིས་ཆགས་ཡོད་ལ། མི་མང་བོ་ཞིག་རྒྱལ་ས་དེར་ལྟ་སྐོར་དུ་འགྲོ་བར་ཡང་སྤྲོ་སྣང་ཆེན་པོ་ཡོད་པར་མ་ཟད། པེ་ཅིན་དུ་བོད་ཡིག་གི་ལས་ཀ་གཉེར་བའི་བོད་ཀྱི་ལས་བྱེད་མང་བོ་ཡང་གྲོང་ཁྱེར་འདི་ལ་བརྩེ་བ་ཆགས་ཏེ་ཐ་ན་ཆེས་མཐའ་མཇུག་གི་དུར་ས་ཡང་པེ་ཅིན་ནས་འདེབས་དགོས་མིན་ཐད་བསམ་བློ་གཏོང་བཞིན་ཡོད། འོན་ཀྱང་པེ་ཅིན་གྱི་ས་རིན་ཧ་ཅང་མཐོ་བས་ཁོ་ཚོའི་རུས་ཐལ་སྤར་མོ་གང་བོ་དེ་སྔར་བཞིན་འཁྱག་ཤུར་ཤུར་གྱི་མཐོ་སྒང་དུ་མི་འདེབས་ཀ་མེད་དུ་གྱུར་འདུག དེ་ནི་པེ་ཅིན་ནས་ལོ་མང་བོར་བསྡད་པའི་ལས་བྱེད་པ་དག་གི་དཔྲལ་གཉེར་ལས་གསལ་བོར་ཀློག་ཐུབ།
     མདོར་ན་པེ་ཅིན་ནི་མི་ཚོགས་ཀྱིས་གྲུབ་པའི་མཚོ་མོ་ཞིག་སྟེ། མི་མང་བོ་ཞིག་རྒྱ་མཚོ་འདིའི་རླབས་རྒྱུན་གྱིས་དྲངས་ཏེ་ཐ་ན་རང་ཉིད་དང་བཅས་པའང་བོར་འགྲོ་ལ། མི་མང་བོ་ཞིག་རླབས་ཀྱིས་གྲམ་པར་དེད་ནས་གད་སྙིགས་སུ་ལྷུང་བཞིན་ཡོད། དེའི་ཁྲོད་ན་བོད་རིགས་ན་གཞོན་ཡང་མང་བོ་ཞིག་ཡོད།
     ང་རང་པེ་ཅིན་དུ་ཤར་རྒྱུགས་ཤིག་བྱས་པ་ནི་ཚེ་གང་བོར་བརྗེད་ཐབས་མེད་པའི་འགྲུལ་བཞུད་ཅིག་ཏུ་གྱུར་སོང་། དེ་ནི་དགུན་གཞུང་ཞིག་སྟེ། པེ་ཅིན་གྱི་ནམ་ཟླ་ཡང་ཕ་ཡུལ་མཐོ་སྒང་དང་འདྲ་བར་གྲང་ལྷགས་ཀྱིས་རུས་རྐང་བཅོམ་འགྲོ། དེ་ནི་ཕལ་ཆེར་ཡུལ་འདི་ཕ་ཡུལ་གྱི་རིག་གནས་ཀྱིས་དབང་སྒྱུར་བའི་གདན་ས་གཉིས་པ་ཞིག་ཏུ་འགྱུར་བའི་རྟེན་འབྲེལ་ཡིན་ལས་ཆེ། ང་རང་པེ་ཅིན་དུ་སླེབས་སྐབས་རྒྱའི་ཤེས་ཡོན་པ་ཞིག་གིས་པེ་ཅིན་གྱི་འཛུགས་སྐྲུན་དང་ཀྲུང་གོའི་རིག་གནས་འདུ་ཤེས་སྐོར་ནས་ཁ་བརྡ་བྱས་བྱུང་། ཁོས་ང་རྒྱལ་དང་བཅས་པེ་ཅིན་གྱི་གནའ་བོའི་འཛུགས་སྐྲུན་ཆེན་པོ་རྣམས་བཤད་བྱུང་། འཛུགས་སྐྲུན་དེ་དག་གིས་ཀྲུང་གོའི་རིག་གནས་ཀྱི་སྲོག་སྙིང་བཟུང་ཡོད་ལ། ལྷག་པར་དུ་ཀྲུང་གོའི་ཇུས་འགོད་སྒྱུ་རྩལ་གྱི་ཚབ་མཚོན་བྱས་ཏེ་རྒྱལ་སྤྱིའི་ཇུས་འགོད་སྒྱུ་རྒྱལ་གྱི་ལོ་རྒྱུས་ཁྲོད་གར་སྟེགས་མཐོན་པོ་ཞིག་བཟུང་ཡོད་ཟེར།
    ཁོས་ད་དུང་སྤྲོ་སྣང་བཅས་ན་རེ། པེ་ཅིན་གྱི་ཐོག་བརྩེགས་འདི་དག་ནི་ཀྲུང་གོ་ན་ཡོད་པ་ལས་ཀྲུང་གོའི་རིག་གནས་མིན། དེ་ནི་གནས་ཚང་གཡར་བའི་ཕྱི་གླིང་བ་ཞིག་དང་འདྲ། གཟིམས་ཁང་སེར་བོ་སོགས་གནའ་བོའི་འཛུགས་སྐྲུན་འདི་དག་ནི་ད་གཟོད་ཀྲུང་གོའི་ཡབ་མེས་ཀྱི་བློ་རིག་དང་སྙིང་སྟོབས་ཀྱི་མཚོན་རྟགས་ཡིན་པས། ཡུལ་འཛམ་བུ་གླིང་གི་ལྟད་མོ་བ་ཚང་མ་པེ་ཅིན་དུ་ཡོང་དོན་འདི་ཁོ་ན་རེད། དེ་བས་ཁྱོད་རང་ངེས་པར་དུ་དེར་སོང་ཟེར།
    ཕྱི་ཉིན་ང་རང་གྲོགས་པོས་བཤད་པ་ལྟར་པེ་ཅིན་གྱི་གནའ་བོའི་ཕོ་བྲང་དང་ལྷ་ཁང་ཁག་ལ་ལྟ་རུ་སོང་བ་ཡིན། པེ་ཅིན་ནི་རིག་གནས་སྣ་མང་འདུ་བའི་ལྟེ་གནས་ཤིག་ཡིན་ལ། དེ་བས་ཀྱང་ནང་བསྟན་རིག་གནས་སྲོག་སྙིང་དུ་གྲུབ་པའི་གྲོང་ཁྱེར་ཞིག་སྟེ། གྲོང་ཁྱེར་གྱི་གནའ་ཤུལ་མང་ཆེ་བར་ནང་བསྟན་ཆོས་ལུགས་ཀྱི་གཟུགས་བརྙན་གསལ་གྱི་ལེར་མངོན་འདུག དེ་ནི་པེ་ཅིན་གྱི་འདས་དོན་གསལ་བའི་གསེར་གྱི་མེ་ལོང་ཞིག་དང་ཇི་འདྲའི་མཚུངས་ཨང་།
    བོད་བརྒྱུད་ནང་བསྟན་ནི་པེ་ཅིན་རིག་གནས་ཀྱི་ནང་སྙིང་གཙོ་བོ་ཞིག་སྟེ། ཡོན་རྒྱལ་རབས་དང་མེན་རྒྱལ་རབས། ཆིན་རྒྱལ་རབས་བཅས་གོང་མའི་རྒྱལ་རབས་གསུམ་གྱི་རིང་ལ་བོད་བརྒྱུད་ནང་བསྟན་འདི་པེ་ཅིན་གྱི་གཙོ་རྒྱུག་རིག་གནས་རེད། དེ་བས་པེ་ཅིན་གྱི་གནའ་བོའི་འཛུགས་སྐྲུན་གྱི་ཁྲོད་ནས་བོད་པའི་བློ་གྲོས་དང་སྙིང་སྟོབས་དེ་ག་ས་གང་ནས་ཀྱང་མཐོང་ཐུབ་པ་ཞིག་རེད། གལ་ཏེ་པེ་ཅིན་འདི་གསེར་གྱི་འདབ་རྒྱན་ཞིག་ཡིན་པའི་དབང་དུ་བཏང་ན་བོད་ཀྱི་རིག་གནས་ནི་དེའི་སྟེང་གི་གཡུ་བྱུར་གྱི་ཕྲ་དང་ཀུན་ནས་མཚུངས།
   ཡོན་ཧོ་ཕོ་བྲང་དུ་འགྲོ་སྐབས་དེའི་མཐིལ་གྱི་རྡོ་གཅལ་སྟེང་དུ་རྐང་བས་རེག་ཚེ་ངའི་སེམས་སུ་འདས་པའི་ལོ་རྒྱུས་ཀྱི་གླེགས་བམ་ཞིག་ངང་གིས་འཁོར་བྱུང་། དེ་ནི 1694ལོར་ཁང་ཤིས་རང་གི་བུ་བཞི་བ་ཡུང་ཀྲིན་ལ་གནང་ཞིང་རྗེས་སུ་ཡུང་ཀྲིན་གྱིས་ཡུང་ཧི་ཕོ་བྲང་དུ་བསྒྱུར། 1735ལོར་ཡུང་ཀྲིན་གཤེགས་རྗེས་བང་སོ་དེེར་བཏབ་ཅིང་རིམ་གྱིས་ཆོས་ཀྱི་ཕོ་བྲང་དུ་གྱུར། 1744ལོར་གོང་མ་ཆན་ལུང་གིས་དེ་ཉིད་བླ་མའི་དགོན་དུ་བསྒྱུར། དེ་ནས་བཟུང་བླ་མ་བཞུགས་པའི་དགོན་པ་ཞིག་ཏུ་གྱུར།
     གཞན་ད་དུང་ངའི་སེམས་སུ་ནམ་ཡང་བརྗེད་ཐབས་མེད་པ་ནི་གཟིམས་ཁང་སེར་བོའི་ལྷ་ཁང་རེད། ང་རང་གནས་དེར་སླེབས་སྐབས་རྒྱུས་མེད་ཀྱི་རྒྱ་མི་མང་བོས་མཐའ་ནས་རུབ་སྟེ་འདི་ན་བླ་མ་ཞིག་ཕེབས་འདུག་ཅེས་ཐལ་མོ་སྦྱར་ཏེ་གུས་གུས་བྱེད། བླ་མ་ནི་ཁོ་ཚོས་བོད་ཀྱི་གྲྭ་བ་ལ་འབོད་པའི་ཐུན་མིན་གྱི་མིང་བརྡ་ཞིག་ཡིན་ལ། དེས་ནི་ལོ་རྒྱུས་ཁྲོད་ཀྱི་གཟི་བརྗིད་ཅིག་ཀྱང་མཚོན་ཡོད། དེ་ཡང་ཏ་མིང་གོང་མས་རྒྱལ་བ་ཙོང་ཁ་བ་ཆེན་མོ་ཕོ་བྲང་དུ་གདན་དྲངས་ན་ཡང་ཁོང་གིས་ཞལ་བཞེས་མ་གནང་བར་སྐུ་ཚབ་ཏུ་བྱམས་ཆེན་ཆོས་རྗེ་མངགས་པ་ནས་རྒྱ་ནག་གི་གོང་མ་དང་བཅས་པ་ཞྭ་སེར་བསྟན་པའི་སློབ་མར་གྱུར་ཅིང་། རྗེས་སུ་གོང་མ་བརྗེ་ཞིང་རྒྱལ་རབས་བསྒྱུར་ཏེ། རྒྱ་ནག་ཡོངས་རྫོགས་མན་ཇུའི་མི་རིགས་ཀྱིས་དབང་དུ་བསྡུས། ཡིན་ན་ཡང་པེ་ཅིན་ནས་མི་སེམས་སྐྱོང་བ་ལ་སྔར་བཞིན་བོད་བརྒྱུད་ནང་བསྟན་མེད་ན་བརླན་དང་བྲལ་བའི་ཞིང་ས་བཞིན་ཁོ་ཚོའི་རེ་བའི་མྱུ་གུ་སྐྱོང་མི་ཐུབ་པ་ཤེས་པས། མན་ཇུའི་གོང་མས་ཀྱང་1652ལོར་གོང་ས་ལྔ་བ་ཆེན་མོ་པེ་ཅིན་དུ་སྤྱན་དྲངས། དེ་ནས་བཟུང་ལྕང་སྐྱ་རིན་པོ་ཆེ་དང་ཐུའུ་བཀྭན་རིན་པོ་ཆེ་སོགས་བོད་ཀྱི་བླ་ཆེན་མང་བོས་པེ་ཅིན་ནས་གོང་མས་གཙོས་པའི་སློབ་མ་མང་བོ་གསོ་སྐྱོང་གནང་བས། ད་ལྟའང་ད་དུང་རྒྱ་མི་ཚོའི་སེམས་སུ་བོད་ཀྱི་གྲྭ་བ་ནི་ཁོ་ཚོའི་བླ་མ་ཡིན་པའི་འདུ་ཤེས་བཟུང་འདུག རྒྱ་ནག་གོང་མའི་ཁྲོད་དུ་བོད་བརྒྱུད་ནང་བསྟན་ལ་བྱས་རྗེས་ཆེ་བའི་སྦྱིན་བདག་ཡོད་པར་མ་ཟད། ཕྱག་རྗེས་གཞན་ལས་ལྷག་པའི་ལོ་ཙཱ་བའང་བྱུང་ཡོད་པས། ལོ་རྒྱུས་ཁྲོད་བོད་ཀྱི་རིག་གནས་ལ་ཞབས་ཞུ་སྒྲུབ་པའི་མི་ཆེན་གྲངས་ལས་འདས། དེ་དག་ནི་དོན་དངོས་སུ་བོད་ཀྱི་རིག་གནས་ལ་བློ་སེམས་དཀར་ཞིང་དད་འདུན་ཟབ་པའི་བོད་ཀྱི་སློབ་མ་རེད།
     རྒྱལ་དབང་ལྔ་བ་པེ་ཅིན་དུ་གདན་འདྲེན་ཞུས་པའི་སྐོར་དེ་བཤད་ན་ངའི་སེམས་སུ་སྐབས་དེའི་ལོ་རྒྱུས་ཀྱི་སྣང་བརྙན་མང་བོ་ཞིག་གློག་བརྙན་ལྟར་འཁོར་ཡོང་། དེ་དུས་མན་ཇུ་བ་ཚོས་རྒྱ་མིའི་ལག་ནས་རྒྱལ་ས་འཕྲོགས་ནས་ཡུན་རིང་སོང་མེད་པས་རྒྱལ་ཁམས་ཡོངས་རྫོགས་ཟང་ཟིང་ལང་ལོང་ཡིན་ལ། ལྷག་པར་དུ་ལྕགས་རིའི་ཕྱི་ནས་སོག་པོ་རྣམས་ཀྱིས་དུས་ངེས་མེད་དུ་འཇབ་རྒོལ་བྱས་པས་གོང་མ་ལ་ཡང་བྱ་ཐབས་མེད་པར་གྱུར། གོང་མ་ཧྲུན་ཀྲིས་ཡུན་རིང་བོར་བསམ་བློ་བཏང་རྗེས་ཡིད་ལ་འཁོར་བའང་ཡིག་འབྲུ་གཉིས་ཏེ། བླ་མ་ཞེས་པ་འདི་རེད། ཁོང་གིས་བླ་མ་ཞིག་གི་ཟིལ་ཤུགས་དང་བྱམས་བརྩེ་ལ་བརྟེན་ན་ད་གཟོད་རྒྱལ་འབངས་བདེ་ལ་འགོད་ཐུབ་པ་ཤེས་པས། ཐབས་བརྒྱ་ཇུས་སྟོང་གིས་1651ལོར་རྒྱལ་དབང་ལྔ་བ་ཆེན་མོ་པེ་ཅིན་དུ་གདན་འདྲེན་པའི་ཕོ་ཉ་བཏང་། དེ་ལ་སྐབས་དེའི་དཀའ་ངལ་སེལ་བའི་ནུས་པ་མང་བོ་འཛོམས་ཏེ། གཅིག་ནས་སོག་པོ་རྣམས་ཆེས་སྔ་མོ་སྟེ་འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྐུ་དུས་ནས་བོད་ཀྱི་སློབ་མའི་གཙོ་བོར་གྱུར་ཡོད་ལ། གཉིས་ནས་རྒྱལ་དབང་གསུམ་པ་ཡང་སོག་པོའི་བླ་མར་གྱུར་ཅིང་། བཞི་བ་སོག་པོའི་རིགས་སུ་སྐུ་འཁྲུངས་པས་སོག་པོ་རྣམས་ལ་མཚོན་ན་རྒྱལ་དབང་ལྔ་བའི་བཀའ་ནི་གོང་མའི་བཀའ་ལས་ཀྱང་གཟི་བརྗིད་ཆེ། གསུམ་ནས་རྒྱ་ནག་ལ་མཚོན་ནའང་ཏ་མེན་རྒྱལ་རབས་ཀྱི་འགོ་ནས་བཟུང་རི་བོ་དགའ་ལྡན་པའི་སློབ་མར་གྱུར་ཡོད་པས་རྒྱལ་དབང་ལྔ་བའི་མཚན་སྙན་དང་གཟི་བརྗིད་ལ་བརྩི་བཀུར་ཞུ་བ་སྨོས་མེད་རེད། དེ་བས་མཐོང་རྒྱ་ཆེ་བའི་ལན་ཇུ་བས་ཀྱང་རྒྱལ་དབང་ལྔ་བ་བདམས་པ་རེད། སྐབས་དེར་ལྔ་བ་ཆེན་མོས་མཐའ་མཚམས་ཀྱི་མི་སེར་དང་དམག་མི་རྣམས་ལ་ཞལ་བརྡ་རེ་གནང་བས། དུས་དེ་ནས་བཟུང་གོང་མའི་མངའ་ཁོངས་ཡོངས་རྫོགས་དུས་བདེ་ཞོད་འཇགས་སུ་གྱུར། དེ་བས་མན་ཇུའི་གོང་མས་རི་དྭགས་རྔོན་པའི་ཟོལ་གྱིས་རྒྱལ་དབང་ལྔ་བ་མཆོག་ལམ་ཐག་རིང་བོ་ནས་དངོས་སུ་བསུ་བ་ཞུས་ཤིང་ཕྱག་འཚལ་ཏེ་བླ་མར་བཀུར་བའང་ནོར་བ་མེད་པའི་འདེམས་གསེས་ཤིག་ཡིན་པ་ལོ་རྒྱུས་ཀྱིས་གསལ་བོར་བཤད་ཤེས།
   མི་ཚོགས་ལང་ལོང་རྒྱུ་བའི་ཁྲོད་ནས་བདག་གི་སྣང་ངོར་སྐབས་དེར་ལྔ་བ་ཆེན་མོ་པེ་ཅིན་དུ་བྱོན་པའི་རྣམ་པ་དེ་རབ་རིབ་ཅིག་འཁོར་བྱུང་། དེ་ཡང་དཔོན་གཡོག་རྣམས་ལྕགས་རིའི་ནང་དུ་བྱོན་ཚེ་རྒྱལ་སྲིད་སྣ་བདུན་གྱིས་མདུན་བདར་ཞིང་གཞུ་འདོམ་བཅུའི་མཚམས་ནས་གོང་མ་རང་ཉིད་རྐང་ཐང་དུ་བྱོན་ཏེ་ལྔ་བ་ཆེན་མོའི་ཕྱག་ནས་འཇུས་ཏེ་འཚམས་འདྲི་ཞུས་ཤིང་། ཅོག་ཙེ་བརྒྱད་ཅུ་ཡོད་པའི་སྟོན་མོ་བཤམས། ཁྲི་ལ་མཉམ་བཞུགས་དང་གསོལ་ཇ་མཉམ་གསོལ་བྱས་པས་ཕོ་བྲང་ཕྱི་མའང་ཚང་མའང་བག་ཕེབས་པར་གྱུར།
   དེ་དུས་ད་དུང་གོང་མས་དངུལ་སྲང་ཁྲི་ཕྲག་དགུ་བཏང་ནས་ཆེད་དུ་ལྔ་བ་ཆེན་མོའི་བཞུགས་གནས་ལ་གཟིམས་ཁང་སེར་བོ་ཞེས་པ་སྐྱེད་ཚལ་ར་བ་དང་བཅས་པ་བཞེངས།
   པེ་ཅིན་གྱི་རྒྱ་མིས་བོད་ཀྱི་གྲྭ་རྐྱང་ཕལ་བ་ང་ལྟ་བུ་ལའང་བླ་མ་ཟེར་བཞིན་མགོ་སྒུར་ནས་ཐལ་མོ་སྦྱར་དགོས་དོན་ནི་བོད་ཀྱི་གྲྭ་བ་ཚོས་དྲག་པོའི་དམག་གི་དཔུང་ཤུགས་ཀྱིས་ཁོ་ཚོར་འཇིགས་བསྐུལ་བ་མ་ཡིན་པར་བྱམས་བརྩེ་དང་ཞི་དུལ་གྱིས་ཕྱུག་པའི་ཤེས་རབ་ལ་བརྟེན་ནས་དབང་དུ་བསྡུས་པ་རེད། དབང་དུ་བསྡུ་ཚུལ་ཡང་ཕར་སྒོ་དྲུང་དུ་སོང་ནས་བཀུག་པ་མ་ཡིན་པར་ཁོ་ཚོ་ཚུར་ཡོང་ནས་ཕྱག་འཚལ་ཏེ་སྒུར་བ་རེད།
   པེ་ཅིན་དུ་སོང་ན་བོད་ཀྱི་རིག་གནས་ཀྱི་རྗེས་ཤུལ་མང་བོ་མིག་ལམ་དུ་མངོན་ཡོང་ལ། རྗེས་ཤུལ་དེ་དག་གི་ཁྲོད་ནས་སྐྱེས་ཆེན་གཞན་ཞིག་གི་ཞལ་མདངས་མག་མོག་ཅིག་ཀྱང་མིག་ལམ་དུ་མངོན་ཡོང་། དེ་ནི་ལྕང་སྐྱ་ཡེ་ཤེས་བསྟན་པའི་སྒྲོན་མེ་རེད། ཁོང་ནི་གོང་མའི་དབུ་བླར་བཞུགས་པའི་བོད་ཀྱི་བླ་ཆེན་ཁྲོད་ནས་ཚབ་མཚོན་དུ་འོས་པ་ཞིག་རེད། དེ་ཡང་1723ལོ་སྟེ་ཆུ་ཡོས་དུས་འཁྲུགས་ཆེན་མོའི་སྐབས་སུ་ཁོང་སྐུ་ན་གཞོན་ལ། སྐབས་དེར་མཚོ་སྔོན་དུ་བཞུགས་པས་གོང་མ་བློ་མ་བདེ་བར་དམག་དོོན་ཉན་གུང་ཡའོ་ལ་ཆེད་དུ་ཡི་གེ་བསྐུར་ནས་ངའི་བླ་མའི་སྤྲུལ་སྐུ་དེ་ན་བཞུགས་ནས་སྐུ་ལ་ཉེ་ཞོ་མེད་པར་མྱུར་དུ་པེ་ཅིན་ལ་གདན་འདྲེན་དགོས་ཞེས་པའི་མགྱོགས་འཕྲིན་པེ་ཅིན་ནས་ཟི་ལིང་བར་ཉིན་ལྔ་ཡིས་བསླེབ་པ་ཞིག་བཏང་། མེ་འཁོར་ཉིན་ཞག་གཉིས་ལ་འགྲོ་དགོས་པའི་ཡུལ་དེར་སྐྱ་མི་ཉིན་ལྔ་ཡིས་བསླེབ་པར་བྱས་པ་ནི་སྐབས་དེར་མཚོན་ན་དངོས་གནས་བསམ་ཡུལ་ལས་འདས་པའི་མགྱོགས་ཚད་ཅིག་ཡིན་པ་བཤད་ག་ལ་དགོས། འོན་ཀྱང་ང་ལ་མཚོན་ན་དེ་བས་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ནི་གོང་མས་ལོ་བརྒྱད་ཅན་གྱི་བྱིས་པ་ཞིག་གི་ཆེད་དུ་དེ་འདྲའི་དཀའ་ལས་ཤིག་ཅི་ལ་གནང་བ་ཡིན་ནམ། དེ་ཡང་ཚུར་བསྡུས་ན་དད་པ་ཞེས་པའི་ཡིག་འབྲུ་འདི་གཉིས་ཀྱིས་མ་གཏོགས་འགྲེལ་བཤད་བྱེད་མི་ཐུབ་སྟེ། གོང་མ་རང་ཉིད་ཀྱིས་ཀྱང་ཁྱེད་སྐུ་གོང་མ་ངའི་བླ་མ་ཡིན་ཞེས་ཡང་ཡང་གསུངས་པ་ལོ་རྒྱུས་ཀྱི་ཟིན་ཐོ་དག་ཏུ་གསལ། དེ་དུས་ད་དུང་གོང་མ་ཙན་དན་ཇོ་བོའི་ལྷ་ཁང་གི་སྒོ་ཆེན་བར་ཕེབས་ཏེ་བྱིས་པ་ཆུང་ཆུང་དེ་ལ་བསུ་བ་ཞུས་ཤིང་ཐོག་མར་སྤྲུལ་སྐུ་ཁྲི་ལ་བཀོད་དེ་གུས་ཕྱག་ཕུལ་རྗེས་གཞི་ནས་རང་ཉིད་ཁྲི་ལ་ཕེབས། ཡུན་རིང་བྲལ་བའི་མ་བུ་ངོ་འཕྲད་པ་བཞིན་དགའ་བའི་གསུང་གླེང་མང་དུ་གནང་།
    ལོ་རྒྱུས་ནི་ལོ་རྒྱུས་ཏེ། ངས་ཙན་དན་ཇོ་བོའི་ལྷ་ཁང་གི་གྱང་ལོགས་ཤིག་ཏུ་མིག་རིག་རིག་གིས་ཡུན་རིང་བལྟས་ཀྱང་སྐབས་དེའི་གནས་ཚུལ་དངོས་དེ་བདག་གི་ཡིད་ངོར་འཁོར་དཀའ་མོད། འོན་ཀྱང་ད་ལྟ་ད་དུང་དད་གུས་ཀྱི་ཞེན་ཐག་མ་ལྷོད་པའི་རྒྱ་མི་རྣམས་ཀྱིས་ཁོང་གི་བཞུགས་གནས་དག་ལའང་དད་གུས་རྣམ་དག་གིས་ཐོད་པ་སྦྱར་ནས་འགྲོ་བ་མཐོང་ན་བདག་གི་སེམས་སུ་སྨྲ་མི་ཤེས་པའི་ང་རྒྱལ་དང་སྤོབས་པ་ཞིག་ཀྱང་རྦ་རླབས་བཞིན་འཕྱུར་འོང་།
    སྤྱི་ལོ1413ལོར་ཏཱ་མེན་གྱི་གོང་མ་ཡུན་ལོས་ལེ་དབར་སྟོང་ཕྲག་གི་བར་དུ་ཕོ་ཉ་བཏང་སྟེ་སེ་རའི་ར་ཁ་བྲག་ནས་བོད་ཀྱི་གྲྭ་རྐྱང་སློབ་གཉེར་བ་ཞིག་ལ་གུས་ཕྱག་དགུ་ཕྲུག་ཏུ་འཚལ་ཅིང་རྡོར་དྲིལ་དང་འཁར་བ། རིང་ཤག བ་སོའི་ཕྲེང་བ། ཙན་དན་དུམ་བུ། མཚམས་དམར་གྱིས་ཡིའུ་བྱས་པའི་སྨྱུག་ཞྭ། བཅུ་ཟི་ཆོས་གོས་བུབས་གཅིག གོས་ཆེན་ཡུག་བདུན། ཚི་དཀར་ཇ་ཕོར་བདུན་སོགས་འབུལ་ཚན་གྲངས་མེད་ཅིག་ཕུལ་ནའང་ཁོང་གིས་མཇལ་ཁ་ཙམ་ཡང་མ་གནང་བས། གོང་མའི་སྐུ་ཚབ་རྣམས་སྐྲག་ཅིང་གནོངས་ཏེ་བོད་ཡུལ་གྱི་སྐུ་དྲག་དག་ལ་ཞུ་བ་ཡང་ཡང་བརྒྱུད་པས་མཐར་བྲག་གསེབ་ཅིག་ནས་ཞལ་མཇལ་ཞུ་ཆོག་པ་བྱུང་མོད། འོན་ཀྱང་ཁོང་གིས་གོང་མའི་རེ་འདུན་དང་ལེན་མ་གནང་། དེ་ལ་གོང་མས་ལེ་བདའ་ཅི་ཡང་མེད་པར་མ་ཟད་ད་དུང་ཁོང་གི་ཞལ་ཟིན་གྱི་སློབ་བུ་ཞིག་སྐུ་ཚབ་ཏུ་མངགས་པ་ལའང་མགོ་འབུལ་ལུས་འབུལ་གྱིས་ཕྱག་འཚལ་ནས་ཆོས་ཞུས་པས། རྒྱ་ནག་གོང་མ་བོད་ཀྱི་གྲྭ་རྐྱང་ཞིག་འགྲན་ཟླ་མེད་པའི་བླ་མར་བཀུར་ནས་རང་གྲལ་གཤམ་དུ་བཞུགས། བྱམས་ཆེན་ཆོས་རྗེས་རི་བོ་རྩེ་ལྔར་དགོན་ཆེན་དྲུག་དང་། པེ་ཅིན་དུའང་དགོན་པ་ཕྱག་བཏབ་ནས་བསྟན་པ་དར་བར་མཛད་པའི་ལོ་རྒྱུས་ཀྱི་ཡི་གེ་དེ་དག་རྒྱའི་ཡི་གེར་ཡང་བཀོད་འདུག
    ད་དུང་གནའ་བོའི་ལོ་རྒྱུས་སུ་དེ་བས་ཀྱང་གཟི་བརྗིད་ལྡན་པའི་གླེགས་བམ་ཞིག་བྱུང་ཡོད། དེ་ནི་ས་སྐྱ་ནས་བྱུང་བའི་གླེགས་བམ་གསེར་བྲིས་མ་ཞིག་སྟེ། ད་ལྟའི་བར་སོག་ཡུལ་དུ་བྱིན་རླབས་མ་ཡལ་བར་བཞུགས་པའི་གླེགས་བམ་ཞིག་ཡིན། མདོར་ན་ས་སྐྱ་བ་སོག་ཡུལ་དུ་བྱོན་པ་ནས་སོག་པོའི་རལ་གྲི་དེའང་སྨྱུ་གུ་ཞིག་ཏུ་བཏང་བར་མ་ཟད། གཏུམ་དྲག་ཆེ་བའི་སོག་པོ་ཡོངས་ཀྱིས་ས་སྐྱ་འཁོན་གྱི་གདུང་རྒྱུད་མགོ་བོའི་ཞྭ་ལྟར་བཀུར་བས། ད་ལྟའི་དཔྱད་བརྗོད་པ་མང་བོས་དེ་དུས་སོག་པོོོས་བོད་དབང་དུ་བསྡུས་པ་མ་ཡིན་པར་བོད་ཀྱིས་སོག་པོ་དབང་དུ་བསྡུས་ཡོད་པའི་ངོས་འཛིན་བྱེད།
    ཡབ་མེས་ཀྱི་བྱུང་བ་དངོས་བཤད་མི་ཕོད་པའི་པེ་ཅིན་གྱི་བོད་མི་ལ་ལས་ས་སྐྱའི་འགྲོ་མགོན་ཆོས་རྒྱལ་འཕགས་པའང་པེ་ཅིན་དུ་བྱོན་ཏེ་སེ་ཆེན་རྒྱལ་བོ་དང་ཆེས་ཐོག་མའི་མཇལ་འཛོམས་བྱུང་བ་ལྟ་བུ་ཞིག་བཤད་ཀྱིན་ཡོད་མོད། དེ་ནི་ན་ལེནྡྲའང་བོད་ཡུལ་ན་ཡོད་ཅེས་བཤད་རྒྱུར་དགའ་བའི་བོད་མིའི་རང་གཤིས་གཙང་མ་ཞིག་སྟེ། ཁོ་ཚོས་པེ་ཅིན་ནས་རྒྱུན་འཛིན་བྱས་པའི་ཡབ་མེས་ཀྱི་སེམས་ཁམས་སྐྱིད་པོ་དེའི་དབང་གིས་ཡིན་པ་ལས་ལོ་རྒྱུས་ཀྱིས་ཁོ་ཚོར་རྫུན་བཤད་གྲོགས་བྱེད་ག་ལ་སྲིད། དེ་ཡང་གླང་ལོ་སྟེ་1253ལོར་སེ་ཆེན་ཧན་གྱིས་འགྲོ་མགོན་ཆོས་རྒྱལ་འཕགས་པ་སོག་ཡུལ་དུ་གདན་དྲངས་ནས་གཞན་གྱིས་མི་ཤེས་པའི་དྲི་བ་མང་བོ་བཏོན་པར་ཁོང་གིས་ཐོགས་མེད་དུ་ལན་གནང་བས་ཡིད་འཕྲོག་པས་བླ་མར་བཀུར་ཅིང་ཕྱག་འཚལ། འོན་ཀྱང་དེ་དུས་ཁོང་བླ་སློབ་གཉིས་འཕྲད་མ་ཐག་ཆོས་འབྲེལ་བཞག་པ་ལྟ་བུ་ཞིག་མ་ཡིན་པར་དང་བོར་རྒྱལ་བོས་བོད་ནས་ཁྲལ་ལེན་རྩིས་བྱས་པས་བླ་མས་ངོ་རྒོལ་གནང་ཞིང་ངེད་བོད་ཀྱི་བན་དེ་རྒྱ་ལ་ཡོང་བ་གོ་མ་ཆོད་འདུག་གསུངས་ཏེ་ཕྱིར་ཕེབས་རྩིས་བྱས། རྗེས་སུ་བཙུན་མོ་ཆ་འུས་བར་འདུམ་ཞུས་ཏེ་དོན་ཚན་ལྔ་ལ་མོས་མཐུན་བྱུང་རྗེས་བླ་སློབ་ཏུ་གྱུར། བློ་རིག་གསལ་ཞིང་ལ་རྒྱ་ཆེ་བའི་འགྲོ་མགོན་ཆོས་རྒྱལ་ལ་སོག་པོའི་སེ་ཆེན་རྒྱལ་བོས་ཕྱག་འཚལ་ནས་ཆོལ་ཁ་གསུམ་ག་རྩིས་འབུལ་ཞུས། འོན་ཀྱང་ང་ཚོའི་ལས་བྱེད་པ་མང་བོས་ཚུལ་དེ་བཤད་མི་ཕོད་དེ། ཁོ་ཚོས་ཤེས་པ་ནི་1270ལོར་སེ་ཆེན་པེ་ཅིན་དུ་འཛུལ་ཅིང་ཡོན་རྒྱལ་རབས་བཙུགས་རྗེས་ད་གཟོད་བླ་སློབ་ཀྱི་འབྲེལ་བ་བྱུང་བས། མེས་རྒྱལ་གྱི་ཁྱིམ་གཞི་ཆེན་མོ་ཡོན་ཞེས་བྱ་བ་དེ་བཙུགས་རྗེས་ད་གཟོད་བོད་ཡུལ་ཁྲི་སྐོར་བཅུ་གསུམ་བླ་མ་ལ་ཕུལ། དེ་བས་དོན་ལ་བོད་ཡོན་གྱི་མངའ་ཁོངས་ཡིན་ཟེར་འདོད་པ་རེད། དེ་ནི་ཆབ་སྲིད་ལོ་རྒྱུས་ཀྱི་བཤད་སྟངས་ཤིག་ཡིན་པས་ང་ཚོས་ཀྱང་དེ་ལ་ངོ་རྒོལ་བྱེད་དགོས་དོན་མི་འདུག་མོད། འོན་ཀྱང་དོན་དངོས་སུ་དེ་དུས་བླ་མ་འཕགས་པས་སེ་ཆེན་རྒྱལ་བོ་སློབ་མར་བླངས་ནས་མི་ལོ་ཧྲིལ་བོ་བདུན་སོང་ཡོད།
    ད་དུང་དབྱི་ཧོ་སྐྱེད་ཚལ་གྱིས་མཚོན་པའི་གནའ་བོའི་འཛུགས་སྐྲུན་གྱི་རྗེས་ཤུལ་ཞིག་ཏུ་ང་ཚོའི་ཡབ་མེས་ཀྱི་ཞབས་རྗེས་མ་སླེབས་ས་གཅིག་ཀྱང་མེད་ལ། དེའང་ད་ལྟའི་པེ་ཅིན་གྱི་བོད་རིགས་ལས་བྱེད་པ་ལ་ལ་དང་འདྲ་བར་མགོ་འབུལ་ལུས་འབུལ་གྱིས་བྲན་གཡོག་བྱེད་མཁན་མ་ཡིན་པར། དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་གོང་མ་རྒྱལ་བོ་དང་ཞང་བློན། བཙུན་མོ་དང་རྒྱལ་སྲས་སོགས་ཆེ་རྒུ་ཡོད་ཚད་ལ་བཀའ་འབེབ་པའི་སྐྱབས་མགོན་བླ་མ་འབའ་ཞིག་ཡིན་པས། ད་ལྟའི་རྒྱ་མི་ཚོས་ཀྱང་ང་ཚོར་བླ་མ་ཞེས་འབོད།
    དེ་ལྟར་ལོ་རྒྱུས་དང་གཏམ་རྒྱུད་ཀྱིས་ཕྱུག་པའི་པེ་ཅིན་གྲོང་ཁྱེར་ལ་ལྟ་སྐོར་ཞིག་བྱས་པས་བདག་གི་སེམས་སུ་རང་ཉིད་རང་གི་རིག་གནས་ཀྱི་བུ་ཁྱིམ་དུ་སླེབས་པའི་སྣང་བ་སྐྱེས་བྱུང་། ང་རང་གནའ་བོའི་དགོན་པ་དང་ལྷ་ཁང་དག་གི་སྒོ་དྲུང་དུ་འབྱོར་དུས་མགོ་སྒུར་སྒུར་གྱིས་ཐལ་མོ་སྦྱོར་མཁན་ཇེ་མང་ནས་ཇེ་མང་ཡིན་པས་རིམ་གྱིས་པེ་ཅིན་ཧྲིལ་བོ་བདག་གི་ཡབ་མེས་ཀྱི་བྱམས་བརྩེས་བྱུགས་ཤིང་ཤེས་རབ་ཀྱིས་བརྒྱན་པའི་གཟི་བརྗིད་ཅིག་གཏིང་ནས་ཚོར་ཡོང་ལ། དུས་མཚུངས་སུ་པེ་ཅིན་གྱི་རིག་གནས་འདི་དག་ཀྱང་དོན་དངོས་སུ་ཁོ་བོར་ཧ་ཅང་རྒྱུས་ཡོད་ཀྱི་གཉེན་ཉེ་ཞིག་ཡིན་པའི་སྣང་བ་སྐྱེས་བྱུང་། དེ་ཡང་ཡིན་ཏེ་པེ་ཅིན་གྱི་རིག་གནས་ནི་བདག་གི་ཡབ་མེས་ཤེས་རབ་ཅན་དེ་དག་གིས་བསྐྲུན་པའི་ཞབས་རྗེས་འབའ་ཞིག་གོ།།
    དེ་ལྟར་བསམ་གྱིན་ངའི་མིག་ལམ་གྱི་པེ་ཅིན་དེ་ཡང་གནའ་བོའི་ལོ་རྒྱུས་ཀྱི་གླེགས་བམ་ལས་བབས་པའི་བོད་ཡིག་གི་རྡོ་རིང་ཞིག་ཏུ་གྱུར་སོང་། རྡོ་རིང་དེ་ནི་དམག་རྟ་ཁྲི་ཕྲག་གིས་གསོད་སྦྱོར་དང་ཁྲག་གི་འཁོར་ལོ་བསྐོར་ནས་བཙུགས་པ་མ་ཡིན་པར། ཕྱག་ན་ཕྲེང་བ་དང་རྒྱབ་ན་ཆོས་གོས་ལས་མེད་པའི་གྲྭ་རྐྱང་ཤེས་རབ་ཅན་འགའ་ཡིས་བཙུགས་པའི་ཤེས་རབ་ཀྱི་རྡོ་རིང་ལ་བྱམས་བརྩེའི་ཡིག་འབྲུ་འབུར་དུ་དོད་པའི་རྡོ་རིང་ཞིག་གོ།།
    པེ་ཅིན་གྱི་མི་ཚོགས་བྲེལ་བྲེལ་ལང་ལོང་གིས་གང་སར་རྒྱུ་ལ། ལམ་གྱི་ཟུར་རེ་ནས་ང་ལ་ཕྱོགས་ཏེ་ངོ་འཛུམ་འཛུམ་དང་མགོ་སྒུར་སྒུར་གྱིས་འགྲོ་མཁན་ཡང་ཇེ་མང་ནས་ཇེ་མང་དུ་གྱུར་པས། མཐར་གྲོང་ཁྱེར་ཧྲིལ་བོ་ང་ལ་བལྟས་ནས་འཛུམ་དམུལ་དམུལ་བྱེད།
     རྒྱ་མི་མང་བོས་ང་ལ་བལྟས་ན། འདི་མཐོ་སྒང་གི་རེད་ཟེར། དངོས་གནས་བདེན། ང་རང་མཐོ་ས་ནས་ཡོང་བ་ཡིན་པས་དུས་ནམ་ཡང་དམའ་སའི་སེམས་ཅན་དང་བསྡུར་ན་ཧ་ཅང་མཐོན་པོ་ཞིག་ཡིན།
    མི་ལ་ལས་ང་ལ། ཁྱོད་རང་པེ་ཅིན་ནས་འདུག་རྒྱུར་དགའ་འམ་ཟེར། དེར་ངས་ཐད་ཀར་ལན་ཅི་ཡང་མ་བཏབ་པར། ང་ནི་མཐོ་སྒང་གི་ཡིན་པས་ངའི་ལང་ཚོ་མཐོ་སྒང་ནས་ཟད་འོས། གལ་ཏེ་ཤི་རྗེས་ཀྱི་དུར་ས་པེ་ཅིན་དུ་བཏབ་ནའང་འགྱོད་པ་མེད་མོད། གསོན་པའི་ལང་ཚོ་པེ་ཅིན་དུ་རྫོགས་ན་སྐྱོ་བོ་རེད་ཅེས་བཤད་པ་ཡིན།
    ཉིན་འགའ་ལ་པེ་ཅིན་དུ་བསྡད་རྗེས་སྣང་བ་ཞིག་ལ་ངའི་ལུས་ཀྱི་རྩ་ལམ་ཧྲིལ་བོར་པེ་ཅིན་གྱི་དུག་དང་འདྲེས་པའི་མཁའ་དབུགས་ཀྱིས་ཁྱབ་ཡོང་པའི་དོགས་པ་སྐྱེ་ལ། དུས་མཚུངས་སུ་པེ་ཅིན་དུ་ཡོད་པའི་བོད་ཀྱི་རིག་གནས་རྗེས་ཤུལ་དག་ཀྱང་མཁའ་དབུགས་དེའི་དབུས་སུ་དབུགས་ཧལ་བཞིན་པའི་སྣང་བ་བྱུང་།
    མི་ཚོགས་ནི་སྔར་བཞིན་རྒྱ་མཚོ་དང་འདྲ་བར་རླབས་ཀྱིས་སྐྱོམ། བདག་གིས་པེ་ཅིན་གྱི་གནའ་ཤུལ་དག་སེམས་སུ་ཉར་རྗེས་ག་ལེར་མཐོ་སྒང་དུ་ལོག་པ་ཡིན། དེ་ནི་སྤྲིན་གསེབ་ནས་མངོན་པའི་ཐང་དཀར་ཞིག་དང་ཤིན་ཏུ་མཚུངས་སོ།།

༢༠༡༦།༠༤།༠༥གྱི་ལིང་འཇིགས་མེད་ཀྱིས་སྦྱར།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།



བརྗོད་གཞི་གཞན་ཁག་ལ་གཟིགས།