choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


བོད་ནང་གི་བཙོན་ཟུར་གསུམ་གྱི་གནས་ཚུལ་ཕྱོགས་བསྡུས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༣།༢༣ཉིན་སྤེལ། ཉེ་ལམ་བོད་ནང་དུ་བཙོན་ཟུར་རྒྱ་ཡེ་ཕུན་ཚོགས་སྐུ་གྲོངས་ཡོད་པ་དང་། ཆབ་སྲིད་བཙོན་པ་ཇོ་ལེབ་འཇིགས་མེད་དང་བསོད་ནམས་མགོན་པོ་ལགས་གཉིས་གློད་གྲོལ་བཏང་ཡོད་པའི་སྐོར་གྱི་གནས་ཚུལ་འབྱོར་སོང་།

འདི་ག་གསར་ཁང་དུ་འབྲེལ་ཡོད་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བར་གཞིགས་ན། ༡༽ བོད་ཀྱི་ཆབ་སྲིད་བཙོན་པ་རྒྱ་ཡེ་ཕུན་ཚོགས་ལགས་ལ་རྒྱ་ནག་གིས་ཡུན་རིང་བཙོན་འཇུག་མནར་གཅོད་ཚད་མེད་བཏང་རྐྱེན་ཟླ་འདིའི་ཚེས་ ༢༡ ཉིན་རང་ཤག་ནས་སྐུ་གྲོངས་ཡོད་པ་དང་།
༢༽ ཨ་མདོ་རྔ་བའི་ཇོ་ལེབ་འཇིགས་མེད་ལགས། མི་ལོ་བདུན་བཙོན་འཇུག་བྱས་རྗེས་ཟླ་འདིའི་ཚེས་ ༡༢ ཉིན་ཕྱིར་ཕ་ཡུལ་དུ་འབྱོར་སྐབས་རྩོམ་པོ་ཆབ་སྲིད་བཙོན་ཟུར་ཇོ་ལེབ་ཟླ་བ་དང་ཐེའུ་རང་སོགས་ཕེབས་བསུ་ལ་བཅར་འདུག
༣༽ དེ་བཞིན་དཀར་མཛེས་ཁུལ། སེར་ཤུལ་རྫོང་། རྫ་ཆུ་ཁ། རྫ་དབོན་པོ་དགོན་གྱི་གྲྭ་བསོད་ནམས་མགོན་པོ་ལགས་མི་ལོ་བཞི་བཙོན་འཇུག་བྱས་རྗེས་ཀློད་གྲོལ་ཐོབ་ནས་ཟླ་འདིའི་ཚེས་ ༡༢ ཉིན་གྱི་མཚན་མོར་རང་ཡུལ་དུ་ཕེབས་ཡོད་པ་དང་། རྫ་དབོན་པོ་དགོན་གྱི་གྲྭ་བསོད་ནམས་ཆོས་དར་ལ་ཁྲིམས་ཆད་ལོ་བཞི་ཚང་ཡོད་ནའང་། ད་དུང་ཀློད་གྲོལ་བཏང་མེད་པའི་སྐོར་བཅས་ཀྱི་གནས་ཚུལ་ཐོན་སོང་།

དྷ་སར་གནས་སྡོད་ཕ་ཡུལ་གཅིག་པ་ཡེ་ཤེས་བསྟན་འཛིན་གྱིས་རྒྱ་ཡེ་ཕུན་ཚོགས་ལགས་ཀྱི་སྐོར་ནས་བརྗོད་དོན། ཁོང་སྔོན་ཆད་རྒྱ་གར་དུ་ཡོང་ནས་༧གོང་ས་མཆོག་ལ་མཇལ་ཁ་ཞུས་ཏེ་ཁོང་གི་སྐུ་མདུན་ནས་དགེ་སློང་གི་སྡོམ་པ་བླངས་རྗེས། ཕྱིར་བོད་ལ་ལོགས་ནས་མཚོ་སྔོན་པོ་མཚོ་སྙིང་དུ་ལྷ་ཁང་ཞིག་བཞེངས་གྲུབ་ནས་ལོ་གཅིག་གི་རྗེས་སུ། དེ་སྔོན་༧གོང་ས་མཆོག་གིས་ཁོང་ལ་གནང་བའི་བཀའ་ཡིག་དང་། ཁོས་རྒྱ་གར་ནས་ཁྱེར་ཡོང་བའི་དཔེ་ཆ་འགའ་བཅས་ས་གནས་ཉེན་རྟོག་པའི་ལག་ཏུ་ཤོར་བའི་རྐྱེན་གྱིས། ཁོང་འཛིན་བཟུང་བཙོན་འཇུག་དང་གཅར་རྡུང་བྱས་ནས་པུས་མོ་སོགས་ནད་པ་བཟོས་ཏེ་ཡར་ལངས་མི་ཐུབ་པར་བཏང་ཡོད་ཡོད་པ་དང་། དེའི་རྐྱེན་བྱས་ཏེཧ་ལམ་ལོ་ངོ་བཅུ་ཕྲག་ཅིག་རིང་ཁོང་ནད་པ་ཆགས་ནས་བསྡད་ཡོད་པ་རེད།

ཆབ་སྲིད་བཙོན་པ་རྒྱ་ཡེ་ཕུན་ཚོགས་ལགས།བདུན་ཕྲག་གཉིས་ཀྱི་སྔོན་ལ་ཁོང་མཚོ་སྔོན་ཆབ་ཆ་བོད་སྨན་ཁང་དུ་བརྟག་དཔྱད་བྱེད་དུ་ཕྱིན་ཡོད་ནའང་། སྨན་ཁང་གིས་ཁོང་ལ་དྲག་སྐྱེད་ཡོང་ཐབས་མེད་ལུགས་བཤད་ནས་ཕྱིར་རང་ཁྱིམ་དུ་ལོགས་དགོས་བྱུང་ཡོད་པ་དང་། མདང་དགོང་བོད་ནང་ཆུ་ཚོད་ ༡ པའི་སྟེང་སྐུ་གྲོངས་ཡོད་པ་དང་ད་ལྟ་དགུང་ལོ་ ༨༥ ཡིན་པ་རེད། ཁོང་ནི་བོད་ལ་ཤ་ཞེན་ཆེ་མཁན་ཞིག་ཡིན་སྟབས་ཁོང་གི་མི་ཚེ་ཧྲིལ་བོ་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་རྫོགས་ཡོད་པ་མ་ཟད། ཁོང་ཉིད་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་ལུས་སྲོག་བློས་གཏོང་མཁན་གནད་ཡོད་མི་སྣ་ཞིག་དང་བོད་བསྟན་པ་ཆབ་སྲིད་ཐད་མཛད་རྗེས་བླ་མེད་འཇོག་མྱོང་མཁན་ཞིག་ཀྱང་ཡིན་སྐོར་སོགས་བརྗོད་སོང་།
 
ཁོང་གི་མི་ཚེ་ལོ་རྒྱུས་ལྟ་ན། རྒྱ་ཡེ་ཕུན་ཚོགས་ལགས་ནི་ཕྱི་ལོ་ ༡༩༣༡ ལོར་མཚོ་ལྷོ་ཁུལ་གུང་ཧོ་རྫོང་རིག་སྨོན་ཞིང་རྒྱ་ཡེ་སྡེ་བའི་འབྲོག་ཁྱིམ་ཕལ་བ་ཞིག་ནས་སྐྱེས་ཤིང་། ཆུང་དུས་ནས་མདོ་སྨད་དྷི་ཚ་དགོན་དུ་བོད་ཀྱི་ཚན་ཉིད་རིག་པ་དང་སུམ་རྟག་དག་གསུམ། དེ་བཞིན་སྒྲ་རིག་རྩིས་གསུམ་སོགས་ལ་སློབ་གཉེར་གནང་བ་དང་། ཕྱིས་སུ་རིག་སྨོན་ཞིང་རྒྱ་ཡེ་བ་ནས་སློབ་ཆུང་སློབ་གྲྭ་ཞིག་གསར་འཛུགས་བྱས་ཏེ་རང་ཉིད་ཀྱིས་སློབ་གྲྭའི་དགེ་རྒན་དང་སློབ་སྤྱི་གཅིག་ལྕོགས་ཀྱི་འགུན་ཁུར་ནས་བོད་རྒྱ་དབྱིན་གསུམ་གྱི་སྐད་ཡིག་དང་རྩིས་རིག་སོགས་སློབ་འཁྲིད་བྱས་མྱོང་བ་དང་། སློབ་གྲྭ་དེའི་ནང་བོད་རིགས་སློབ་མ་ ༦༠ ལྷག་ཡོད་འདུག
 
ཕྱོ་ལོ་ ༡༩༨༠ ལོར་རྒྱ་ནག་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཟུར་བ་ཧུའུ་ཡོ་པང་མཚོ་ལྷོ་ ཁུལ་དུ་གཟིགས་སྐོར་སྐབས་སུ། ཁོང་གིས་ས་གནས་བོད་རིགས་མི་མང་གི་དཀའ་སྡུག་སོགས་དངོས་ཡོད་གནས་ཚུལ་སྙན་སེང་ ཞུས་ཡོད་པ་རེད།
 
ཕྱི་ལོ་ ༡༩༩༢ ལོའི་ཕྱི་ཟླ་ ༣ པར་རྒྱ་གར་དུ་ཡོང་ནས་༧གོང་ས་མཆོག་ལ་མཇལ་ཁ་ཞུས་ཡོད་པ་མ་ཟད། སྐབས་དེར་སྐུ་མདུན་ནས་དགེ་སློང་གི་སྡོམ་པའང་བླངས་ཡོད་ཅིང་། ཕྱི་ལོ་ ༡༩༩༨ ལོའི་ཕྱི་ཟླ་ ༨ པར་ས་གནས་ཉེན་རྟོག་དཔོན་རིགས་ཚོའི་བཀའ་ཁྱབ་འོག་ཁོང་འཛིན་བཟུང་བཙོན་ཇུས་བྱས་ཡོད་པ་དང་། ཁོང་འཛིན་བཟུང་བྱེད་དོན་གཙོ་བོ་དེ་སྔོན་༧གོངས་ས་མཆོག་གིས་ཁོང་ལ་གནང་བའི་བཀའ་ཡིག་ཅིག་དང་ཁོང་གིས་རྒྱ་གར་ནས་ཁྱེར་ཡོང་བའི་དཔེ་ཆ་ཁ་ཤས་བཅས་ས་གནས་ཉེན་རྟོག་པའི་ལག་ཏུ་ཤོར་བའི་རྐྱེན་གྱིས་ཡིན་ཞིང་། སྐབས་དེར་ཁོང་དགུང་ལོ་ ༦༨ ཡིན་འདུག མ་ཟད་ཕྱི་ལོ་ ༡༩༦༠ ལོར་རིག་གནས་གསར་བརྗེ་སྐབས་ཀྱི་ངལ་རྩོལ་སྒྱུར་བཀོད་ལས་འགུལ་ཁྲོད་ཁོང་ལ་འཐབ་རྩོད་ཀྱིས་སྡུག་སྦྱོང་སུན་གཙེར་བཏང་ཡོད་པ་དང་། ༡༩༥༩ ལོར་རྒྱ་ནག་གིས་བོད་ལ་བཙན་འཛུལ་སྐབས་སུ་ཁོང་ཡང་བསྐྱར་འཛིན་བཟུང་བཙོན་འཇུག་བྱས་ཡོད་པར་འགྲེལ་བརྗོད་གནང་སོང་།

སིད་སིར་གནས་སྡོད་བསོད་ནམས་ཀྱིས་ཇོ་ལེབ་འཇིགས་མེད་ལགས་བཙོན་གྲོལ་བཏང་བའི་སྐོར་ལ་བརྗོད་དོན། ཨ་མདོ་རྔ་བར་ས་བྱི་ཞི་རྒོལ་ཆེན་མོ་དང་འབྲེལ་བ་ཡོད་པའི་ཉེས་མིང་འོག་བོད་མི་རྔ་བ་ཀི་རྟི་དགོན་གྱི་ཆོས་དར་ལགས་དང་། རྔ་པ་ཀིརྟི་དགོན་པའི་གྲྭ་འཇམ་དབྱངས་ཕུན་ཚོགས་འཇིགས་མེད་གསུམ་ལ་ལོ་དྲུག་ནས་བཅུ་གསུམ་བར་གྱི་ཁྲིམས་ཐག་བཅད་ཡོད་པའི་ཁྲོད་ནས་འཇིགས་མེད་ལགས་བཙོན་གྲོལ་བཏང་འདུག

ཁོང་ནི་མི་ལོ་བདུན་ལ་མུན་ནག་གི་བཙོན་དུ་བཙོན་འཇུག་བྱས་ཏེ། ཟླ་འདིའི་ཚེས་ ༡༢ ཉིན་ཕྱིར་ཕ་ཡུལ་དུ་འབྱོར་འདུག་པ་དང་ཕ་ཡུལ་འབྱོར་སྐབས་རྩོམ་པོ་ཆབ་སྲིད་བཙོན་ཟུར་ཐེའུ་རང་སོགས་ཕེབས་བསུ་ལ་བཅར་འདུག
ཁོང་བཙོན་གྲོལ་མ་ཐོབ་པའི་སྔོན་ཙམ་ལ་གཟུགས་གཞི་མ་བདེ་བའི་རྐྱེན་གྱིས་ལན་ཀྲིག་སྨན་ཁང་དུ་ཁྲིད་ནས་ཟླ་གཅིག་ལྷག་ལ་སྨན་བཅོས་བྱས་རྗེས་བཙོན་པའི་དུས་ཡུན་རྫོགས་ནས་གློད་གྲོད་བཏང་འདུག

ཁོང་ཕྱི་ལོ་༢༠༠༩ ཟླ་༢ ཚེས་༧ ཉིན་འཛིན་བཀག་ཉར་བྱས་པ་དང། ༢༠༡༠ ལོའི་ཟླ ༤ ཚེས་༩ ཉིན་རྔ་པ་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་ཁོང་ལ་ཕྱི་ལོ་༢༠༠༦ ལོ་ནས་ཕྱི་ཕྱོགས་སུ་འབྲེལ་བ་ཡོད་པར་མ་ཟད། རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱས་པའི་ཉེས་མིང་འོག་བཙོན་འཇུག་ཁྲིམས་ཐག་ལོ་༧ བཅད་ཡོད་འདུག་ལ། ཁོང་དེ་སྔོན་རྔ་པ་ཀིརྟི་དགོན་པའི་གྲྭ་པ་ཡིན་ཞིང༌། ཕྱི་ལོ་༡༩༩༢ ལོར་བོད་རང་བཙན་གྱི་ཡི་གེ་སྦྱར་འགྲེམས་བྱས་པའི་ནག་ཉེས་འོག་ལོ་གཅིག་ལྷག་རིང་ཐག་གཅོད་གང་ཡང་མ་བྱས་པར་རྔ་པ་ནས་བཀག་ཉར་བྱས་པ་རེད།

ཁོང་ནི་ཇོ་ལེབ་སྡེ་བའི་ཞས་ཁོ་མ་ཚང་གི་ཡིན་པ་དང་རང་ལོ་ ༤༨ ཡིན་པར་འགྲེལ་བརྗོད་གནང་སོང་།

སེ་ར་དགོན་གྱི་གྲྭ་བྱམས་པ་ཡོན་ཏན་གྱིས་བསོད་ནམས་མགོན་པོ་ལགས་ཀློལ་གྲོལ་བཏང་བའི་སྐོར་ལ་བརྗོད་དོན། གྲྭ་བསོད་ནམས་མགོན་པོ་ཀློད་གྲོལ་ཐོབ་ནས་སྤྱི་ཚེས་༡༢ཀྱི་མཚན་མོར་རང་ཡུལ་དུ་ཕེབས་ཡོད་པ་ཤེས་རྟོགས་བྱུང་ཡང་། ཚེས་ག་དུས་ཉིན་ཀློད་གྲོལ་ཐོབ་མིན་དང་ཁོང་གི་སྐུ་གཟུགས་ཀྱི་གནས་སྟངས་ཅི་ཡིན་གསལ་ཁ་བྱུང་མི་འདུག

 གྲྭ་བསོད་ནམས་མགོན་པོ་ལགས་ནི། ཟི་ཁྲོན་ཞིང་ཆེན།  དཀར་མཛེས་ཁུལ། སེར་ཤུལ་རྫོང་།  རྫ་ཆུ་ཁ།  རྫ་དབོན་པོ་དགོན་གྱི་གྲྭ་བ་ཡིན་པ་དང་། ༢༠༡༢ཟླ་༡༢པའི་ཚེས་༡༢གྱི་ཞོགས་པ་ཆུ་ཚོད་༨་ཡས་མས་སུ་དབོན་པོ་དགོན་ནས་འཛིན་བཟུང་བྱས་འདུག་ལ། ཁོང་དང་མཉམ་དུ་དབོན་པོ་དགོན་རྨང་གཞིའི་རིག་གནས་སློབ་གླིང་གི་སློབ་མ་བསོད་ནམས་ཆོས་དར་དང་།  བློ་བཟང་མཁས་གྲུབ། བློ་བཟང་ནོར་བུ། བློ་བཟང་དབྱིག་གཉེན། བསྟན་འཛིན་དགེ་འདུན།  བཅས་འཛིན་བཟུང་བྱས་རྗེས་ཟླ་མང་པོའི་རིང་གར་སོང་ཆ་མེད་དུ་གྱུར་ཏེ། ༢༠༡༣ཟླ་༩་ཚེས་༡༡ ཉིན་བསོད་ནམས་ནམས་མགོན་པོ་དང་། བསོད་ནམས་ཆོས་དར་གཉིས་ལ་ལོ་བཞི་རེའི་ཁྲིམས་ཆད་དང་། གཞན་རྣམས་རིམ་པས་ཀློད་གྲོལ་ཐོབ་ཡོད་འདུག

ཁོང་རྣམས་འཛིན་བཟུང་བྱས་པའི་ཉེས་འཛུགས་གཙོ་བོ་ནི། ༢༠༡༢ ཟླ་༢པའི་ནང་དུ་དགོན་པའི་ཉེ་འཁོར་ཡུལ་ཚོའི་སློབ་རའི་ནང་གི་རྒྱ་ནག་གི་དར་དམར་མར་ཕབ་སྟེ། བོད་ཀྱི་དར་སེང་བསྒྲེངས་ནས་སྦྱར་ཡིག་འགྲེམས་སྤེལ་བྱས་པར་བརྟེན། དམག་མི་འབོར་ཆེན་གྱིས་ཟླ་གཅིག་ལྷག་རིང་འཇིགས་སྐུལ་ཚད་མེད་བྱས་ཡོད་ཀྱང་། བོད་མི་སུ་ཡང་འཛིན་བཟུང་བྱེད་ཐུབ་མི་འདུག

ལོ་དེའི་ཟླ་༩བའི་ནང་དུ་སླར་ཡང་དར་དམར་མར་ཕབ་ཏེ་སེང་དར་བསྒྲེངས་ནས་ཡིག་ཆ་མང་པོ་གང་སར་བཀྲམས།  ཟླ་དེའི་ཚེས་༡༥ཡི་མཚན་མོར་དམག་མི་མང་པོ་འབྱོར་ནས་ཡང་བསྐྱར་སུན་བཙིར་བཟོ་འགོ་བརྩམས་ཏེ།  ༢༠༡༢ཟླ་༡༠ཚེས་༡༥ནས་༢༤བར་དུ་གྲྭ་ཆོས་དར་དང་། སྐྱ་པེ། མི་འཁྲུགས་བཅས་གཙོས་སེར་སྐྱ་༢༧ཡས་མས་ཤིག་འཛིན་བཟུང་བྱས་ནས་རྡུང་རྡེག་ཚད་མེད་བཏང་རྗེས་ཆོས་དར་དང་། སྐྱ་པེ།   མི་འཁྲུགས་གསུམ་ཟླ་མང་པོའི་རང་གར་སོང་ཆ་མེད་དུ་གྱུར་བ་དང་གཞན་རྣམས་རིམ་པས་ཀློད་གྲོལ་ཐོབ་ཡོད་འདུག

དེ་བཞིན་གོང་གསལ་ལྟར་༢༠༡༢ཟླ༡༢ཚེས་༡༢ཉིན་བསོད་ནམས་མགོན་པོ་སོགས་འཛིན་བཟུང་བྱས་པའི་གནས་ཚུལ་བྱུང་།   མཇུག་མཐར་དེ་དག་ཆབ་སྲིད་གནད་དོན་དང་འབྲེལ་ཡོད་ཉེས་འཛུགས་ཀྱིས་ ༢༠༡༣ཟླ་༩ཚེས་༩གྲྭ་ཆོས་དར་ལ་ཁྲིམས་ཆད་ལོ་གཅིག་དང་།  སྐྱ་པེ་དང་མི་འཁྲུགས་གཉིས་ལ་ལོ་བཞིའི་ཆབ་སྲིད་ཁེ་དབང་མེད་པ་བཟོས་པ་མ་ཟད། འབྲེལ་ ཡོད་ཚོར་ཆབ་སྲིད་ལས་དོན་ལ་མི་ཞུགས་པའི་འགན་ཁུར་དུ་བཅུགས་ཏེ་ཀློད་ཡོད་འདུག

དེ་མིན་བསོད་ནམས་མགོན་པོ་དང་། བསོད་ནམས་ཆོས་དར་གཉིས་ལ་ལོ་བཞི་རེའི་ཁྲིམས་ཐག་བཅད་ཡོད་ཀྱང་། བསོད་ནམས་ཆོས་དར་ལ་ཁྲིམས་ཆད་ལོ་བཞི་ཚང་ཡོད་ནའང་། ད་དུང་ཀློད་གྲོལ་བཏང་མེད་པའི་གནས་ཚུལ་བྱུང་བར་འགྲེལ་བརྗོད་གནང་སོང་།

གོང་འཁོད་བཙོན་ཟུར་གྲོངས་པ་གཅིག་དང་གཞན་གཉིས་བཅས་ཀྱི་སྐོར་དང་འབྲེལ་ནས་བོད་ནང་གི་ཆབ་སྲིད་བཙོན་པ་ཁ་ཤས་ཀྱི་གནས་ཚུལ་ཀྱང་དང་། གཙོ་བོ་ནི་ཆབ་སྲིད་བཙོན་ཟུར་མང་ཤོས་ནི་ནད་མནར་གྱིས་གྲོངས་དགོས་པ་འདིས། རྒྱ་ནག་གི་བཙོན་ལས་བྱེད་སྐབས་ཀྱི་མནར་གཅོད་སྡུག་སྦྱོང་ལ་སྡུག་རྩུབ་ག་ཚོད་ཅིག་ཡོད་མེད་ཀྱི་གནས་ཚུལ་གསལ་བོར་མཐོང་ཐུབ་པ་བཅས།།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།