choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


བོད་ཀྱི་གཞས་པ་གྲགས་ཅན་བདུད་བྷེ་སྐུ་གྲོངས་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦ལོའི་ཟླ་༣ཚེས་༤ཉིན་སྤེལ། བོད་ཀྱི་གཞས་པ་གྲགས་ཅན་བདུད་བྷེ་ལགས་རྒྱ་ནག་གི་གྲོང་ཁྱེར་ཁྲིན་ཏུའུ་རུ་ཡོད་པའི་སྨན་ཁང་ཞིག་ཏུ་སྐུ་འདས་གྲོངས་སུ་ཕྱིན་ཡོད་པའི་གནས་ཚུལ་ཐོན་འདུག

དེ་ཡང་འདི་ག་གསར་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི་གཞས་པ་གྲགས་ཅན་བདུད་བྷེ་ལགས། མཚན་གཞན་"གངས་ལྗོངས་ཁུ་བྱུག་སྔོན་མོ་"༢༠༡༦ལོའི་ཟླ་༢འདིའི་ཚེས་༢༧ཉིན་གྱི་མཚན་མོའི་ཆུ་ཚོད་༡༠་༣༠་ཡས་མས་སུ་རྒྱ་ནག་གི་གྲོང་ཁྱེར་ཁྲིན་ཏུའུ་རུ་ཡོད་པའི་སྨན་ཁང་ཞིག་ཏུ་སྐུ་འདས་གྲོངས་སུ་ཕྱིན་ཡོད་པ་དང་སྐབས་དེར་ཁོང་དགུང་ལོ་༤༩ཡིན་འདུག
 
བདུད་བྷེ་ལགས་ནད་ཀྱིས་མནར་ཏེ་འདི་སྔོན་སྨན་ཁང་དུ་བཞུགས་པའི་སྐོར་གྱི་གནས་ཚུལ་དྲ་ལམ་དུ་ཟླ་བ་གཅིག་ཙམ་གྱི་སྔོན་ས་ནས་ཁྱབ་ཡོད་ཅིང༌། སྐབས་དེ་དུས་ནས་བོད་མི་རྣམས་ཀྱིས་དོ་སྣང་ཤུགས་ཆེར་བྱེད་པའི་གནས་ཚུལ་ཞིག་ཏུ་གྱུར་ཡོད། དེར་བརྟེན་བོད་མི་མང་པོ་ཞིག་དགོན་སྡེ་ཁག་ཏུ་བཅར་བ་དང་རིམ་གྲོ་སྒྲུབ་པ་དང༌། ཁོང་གི་སློབ་བུ་དང་གྲོགས་པོ་རྣམས་ཀྱིས་གླུ་གར་གྱི་དགོང་ཚོགས་བསྡུས་ཏེ་གདུང་སེམས་མཉམ་སྐྱེ་བྱེད་པ། དེ་བཞིན་གཞས་པ་ཚོས་དྲིན་བཟོའི་དངུལ་སྐུར་བ་དང་ཆེད་དུ་སྨན་ཁང་དུ་ཁོང་སར་བཅར་ཏེ་འཚམས་འདྲི་བྱེད་པ། དེ་བཞིན་འཛམ་གླིང་གི་ཡུལ་གྲུ་ཁག་ནས་བོད་མི་མང་པོས་དྲ་ལམ་ནས་ཁོང་མྱུར་དུ་ནད་ལས་ཐར་བའི་གསོལ་བ་སྨོན་ལམ་བཏབ་ཡོད། རྗེས་སུ་དྲག་བསྐྱེད་གང་ཙམ་བྱུང་སྟེ་སྨན་ཁང་ནས་ཕྱིར་ཐོན་ཡོད་པ་དང་འོན་ཀྱང་དེ་རྗེས་སླར་ཡང་སྨན་ཁང་དུ་ཕེབས་རྗེས་དྲག་བསྐྱེད་མ་ཐུབ་པར་སྐུ་འདས་གྲོངས་སུ་ཕྱིན་ཡོད་པ་ཞིག་རེད་འདུག

བདུད་བྷེ་ལགས་ནི་ཕྱི་ལོ་༡༩༦༨ལོར་བོད་མདོ་སྨད་ཁྲོ་ཁོ་ཁ་གསུམ་གྱི་ཡ་གྱལ་ཁྲོ་ཁོ་སྨད་མར་སྐུ་འཁྲུངས་ཤིང༌། ཆུང་དུས་ནས་ལྷན་སྐྱེས་ཀྱི་སྐད་ངག་སྙན་ཅིང་སྒྱུ་རྩལ་ལ་དུང་བ་ཟབ་པས། ༡༩༨༦ལོར་རྨ་ཆུ་རྫོང་གླུ་གར་ཚོགས་པར་ཞུགས་ཏེ་རྡུང་ལེན་མཁན་པོ་དཔལ་མགོན་ལགས་དགེ་རྒན་དུ་བསྟེན་ནས་རྡུང་ལེན་ལ་སྦྱངས།  དེ་ནས་བཟུང་སྟེ། ད་ལྟའི་བར་དུ《སྤང་རྒྱན་མེ་ཏོག》དང་《བརྩེ་ལྡན་གྱི་གངས་ཕྲུག》  《སྐལ་བཟང་ལྷ་མོ》 《མ་མོའི་སྐྱོ་གླུ》 《དགའ་སྤྲོའི་སྙིང་གཏམ》 《ཚེ་རིང་མཚོ་མོ》 《ང་དང་ཁུ་བྱུག་གཉིས་ཀ》 སོགས་སྒྲ་ཐག་དང་འོད་སྡེར་བརྒྱ་ལ་ཉེ་བ་པར་སྐྲུན་བྱས་ཏེ་བཀྲམས་ཡོད། ཁོང་ནི་གླུ་གཞས་ཆེད་སྒྲིག་གི་བརྩམས་ཆོས་ཆེས་མང་བའི་བོད་ཀྱི་ཆོས་རིག་ལ་གུས་བཀུར་དང་ལ་ཞེན་ཆེ་བའི་གཞས་པ་གྲགས་ཅན་ཞིག་ཏུ་བརྩི་བ་རེད།

ཁོང་ནི་སྒྲ་སྙན་རྡུང་ལེན་ས་ཁྱབ་རྡོ་ཁྱབ་ཏུ་གཏོང་མཁན་ཡིན་ལ། མན་དྷོ་ལེན་རོལ་ཆས་བོད་གཞས་སུ་དྲངས་ཏེ་རྡུང་ལེན་གྱི་ལམ་ཀ་གསར་བ་ཞིག་འབྱེད་མཁན་དུ་ཡང་བརྩི་བ་རེད།

ཁོང་གི་གླུ་གཞས་ཁག་ནི་བོད་མི་ཚོའི་རྣ་བའི་གསོས་སུ་གྱུར་ཅིང༌། ཁོང་གི་གླུ་གཞས་དག་ལས་རྟ་ནོར་ལུག་གསུམ་དང༌། ལྷ་བསང་གི་དུད་དྲི། འོ་ཇའི་མངར་ཁ། སྦྲ་ནང་གི་ཐབ་མེ། མཆོད་མེའི་འོད་སྣང༌། རྩྭ་མགོའི་ཟིལ་བ་སོགས་མ་ཟད། ཇོ་མོ་གླང་མ་དང༌། རྨ་རྒྱལ་སྦོམ་ར།  ཕོ་བྲང་པོ་ཏ་ལ། ཡར་འབྲོག་གཡུ་མཚོ། རྨ་ཆུ་འབྲི་ཆུ་སོགས་གངས་ཅན་བོད་ཡུལ་གྱི་ལྗོངས་དང་གནས་ཀྱི་བཀོད་པ་རྣམས་མཚོན་ཐུབ་པའི་སྐོར་མི་མང་པོས་འགྲེལ་བརྗོད་གནང་གི་འདུག

དེ་བཞིན་ཁོང་གི་གླུ་གཞས་ལས་བླ་མའི་བྱིན་རླབས་དང༌། ཡབ་ཡུམ་གྱི་བཀའ་དྲིན། མིང་སྲིང་གི་བརྩེ་བ་སོགས་མཚོན་པའི་དན་རྟགས་ཤིག་མང་པོའི་སེམས་ལ་རྐང་རྗེས་ཤིག་དང་འདྲ་བ་བཞག་ཡོད་ཅེས་བརྗོད་བཞིན་འདུག

ཁོང་སྐུ་གཤེགས་རྗེས་བོད་ཕྱི་ནང་གཉིས་ཀྱི་བླ་སྤྲུལ་དང༌། དགེ་འདུན་པ། རིག་གཞུང་ཆེད་མཁས་པ། རྩོམ་པ་པོ། སྙན་ངག་པ། གཞས་པ་གཞས་མ། ཚོང་བ། ལས་བྱེད་པ། རོང་འབྲོག་ཡུལ་མི། སློབ་མ་སོགས་བོད་མི་མང་པོས་དྲ་ལམ་ནས་ཁོང་ལ་རྗེས་དྲན་གྱི་ཞུ་ཚིག་དང་གདུང་སེམས་མཉམ་སྐྱེ་དང་དགེ་རྩའི་འདས་ཆོག་བསྒྲུབས་སོང་བ་བཅས་ཀྱི་གནས་ཚུལ་དུ།

གསར་འགོད་པ་བསྟན་འཛིན་ནོར་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།