choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


བོད་མདོ་སྨད་ཀིརྟི་དགོན་པའི་གྲྭ་པ་གཉིས་འཇུ་བཟུང་བྱས་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༥ཟླ་༡༢ཚེས་༢ཉིན་སྤེལ། འདི་ག་གསར་ཁང་དུ་གནས་ཚུལ་བཏང་འབྱོར་བྱུང་བར་གཞིགས་ན། བོད་མདོ་སྨད་རྔ་བ་ཁུལ་དུ་རྟེན་གཞི་བྱས་པའི་ཀིརྟི་དགོན་པའི་དགེ་འདུན་པ་གཉིས་རྒྱ་ནག་གི་ཉེན་རྟོག་པས་འཇུ་བཟུང་བཀག་ཉར་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

དེ་ཡང་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་དེའི་སྐོར་འགྲེལ་བརྗོད་གནང་དོན། བོད་ནས་གནས་ཚུལ་འབྱོར་བའི་གནས་ཚུལ་ནང༌། ཕྱི་ཟླ་༡༡ཚེས་༣༠ཉིན་གྱི་མཚན་མོ་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་དགེ་འཕེལ། རང་ལོ་༢༨ཡིན་པ་ཁོང་རང་ཤག་ནས་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག་ལ། དེང་སྐབས་རྔ་པ་རྫོང་དུ་བཀག་ཉར་བྱས་ཡོད་ཚུལ་ཙམ་ལས་རྒྱུ་མཚན་ཅི་ཡིན་སོགས་གསལ་པོ་ཤེས་རྟོགས་མ་ཐུབ་པར་ལྷག་འདུག ཅེས་གསུངས་སོང༌།

ཁོང་ནི་དེ་སྔོན་ཕྱི་ལོ་༢༠༡༡ ཟླ་༥ ནང་འཛིན་བཟུང་གིས་ཡུན་རིང་བཀག་ཉར་བྱས་མཐར་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་དེ་༢༠༡༣ ལོའི་ལོ་མཇུག་ཟླ་བ་ཁ་ཤས་སྔ་སྣུར་གྱིས་གློད་གྲོལ་བྱས་པའི་ཆབ་སྲིད་བཙོན་ཟུར་ཞིག་ཡིན་འདུག ཅེས་མུ་མཐུད་འགྲེལ་བརྗོད་གནང་སོང༌།

ཁོང་གི་ཕ་ཡུལ་རྔ་པ་རྫོང་རྨེའུ་རུ་མའི་རུ་ཆེན་གཉིས་པ་ནས་ཡིན་ཞིང༌། ཕ་ཨུ་རྒྱན་ཚེ་རིང་དང༌། མ་ལྷ་མོ་སྐྱིད་གཉིས་ལ་བུ་བུ་མོ་དགུ་ཡོད་པའི་ནང་གི་ཆེ་ཤོས་ཡིན་པ་དང༌། ཆུང་ཆུང་སྐབས་ནས་རྔ་པ་ཀིརྟི་དགོན་པར་གྲྭ་པ་བྱས་ཤིང༌། དེང་སྐབས་སྨན་པ་གྲྭ་ཚང་གི་གཉེར་པ་ཡིན་འདུག ཅེས་གསུངས་སོང༌།

ཡང་གནས་ཚུལ་མཁོ་སྤྲོད་པས་གསུངས་པར་གཞིགས་ན། རྔ་པ་ཀིརྟི་དགོན་པའི་གྲྭ་འབྲུག་སྒྲ་རང་ལོ་༤༩ཡིན་པ་འཛིན་བཟུང་བྱས་ཡོད་ཅིང༌། ཁོང་ཡང་གོང་ཚེས་ཡས་མས་ཀྱི་མཚན་མོ་ཞིག་ལ་དགོན་པའི་ནང་གི་རང་ཤག་ནས་ཉེན་རྟོག་པས་བཙན་ཁྲིད་བྱས་ཡོད་པ་རེད། ཅེས་གསུངས་སོང༌། ཁོང་ཡང་དེ་སྔོན་ཕྱི་ལོ་༢༠༠༨ ལོར་འཛིན་བཟུང་གིས་ལོ་༡ དང་ཟླ་༤ ལ་ཁྲིམས་ཐག་བཅད་པའི་ཆབ་སྲིད་བཙོན་ཟུར་ཞིག་ཡིན་འདུག ཁོང་གི་ཕ་ཡུལ་སོ་རུ་མ་ནས་ཡིན་འདུག་པ་བཅས།

གསར་འགོད་པ་བསྟན་འཛིན་ནོར་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།