choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


མེ་མདའ་དང་མུན་ནག སྡེ་ཚན་གསུམ་པ། དར་རྩེ་མདོ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ྴཤམ་བྷ་ལའི་ཕོ་ཉས་སྤྱི་ལོ་༢༠༠༩ཟླ་༡༡ཚེས་༩ཉིན་སྤེལ།  འདི་ནི་ཐའེ་ཝན་ཨ་རིའི་མི་སེར་གྱི་ཡུལ་སྐོར་སྤྲོ་འཆམ་པ་ཞིག་གིས་དཀར་མཛེས་ཁུལ་དུ་དམག་སྒར་སོགས་ལ་འདྲ་པར་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ནས་དར་རྩེ་མདོར་འདྲི་བརྩད་བྱེད་པར་འཁྲིད་སོང་བས་སྐོར་གྱི་གནས་ཚུལ་ཞིག་རེད།

ཁོང་ཚོས་ང་དར་རྩེ་མདོར་འཁྲིད་འགྲོ་སྐབས་རླངས་འཁོར་གྱི་ནང་དུ་རྒྱབ་ཀྱི་སྡོད་སའི་ཐོག་ཉེན་རྟོག་པ་གཉིས་ཀྱི་བར་དུ་བཅུག་བྱུང༌། །ངའི་གཡས་ཕྱོགས་དེ་ནི་བོད་པའི་བུད་མེད་ཅིག་རེད་འདུག་ལ་ངའིགཡོན་ཕྱོགས་དེ་ནི་རྒྱ་རིགས་ཤིག་སྟེ་ངའི་ཁང་པའི་ནང་ཡོང་ནས་འཇིགས་སྐུལ་བྱེད་པ་དང་རྗེས་སུ་ང་འཛིན་བཟུང་བྱེད་མཁན་དེ་རེད་འདུག ཁོང་གིས་ང་ལ་སྐད་ཆ་ཤོད་འགོ་བཙུགས་ནས་ཁོང་རང་དབྱིན་སྐད་ཡར་རྒྱས་གཏོང་འདོད་འདུག ང་ཚོ་ལམ་ཐག་རིང་པོར་འགྲུལ་བསྐྱོད་བྱེད་དགོས་པ་དེ་ནི་ང་ལ་དབྱིན་སྐད་ཡར་རྒྱས་གཏོང་བར་གོ་སྐབས་བཟང་པོ་ཞིག་བྱུང་སོང་ཟེར། དེ་ནི་འགྲིགས་ཀྱི་རེད། ཕོ་གསར་དེས་དེ་སྔོན་ང་ལ་ཞེད་སྣང་སྐུལ་བ་དང་འཛིན་བཟུང་བྱས་པ་རེད། ད་ལྟ་ཡང་ངའི་ས་ནས་དབྱིན་ཡིག་སློབ་སྦྱོང་བྱ་འདོད་ཡོད་པ་རེད། ལྟས་ངན་ག་རེ་སྦྱང་འདོད་འདུག ཡིན་ན་ཡང་ངས་ཁོང་གི་ས་ནས་ལེགས་ཆ་ལེན་འདོད་ཡོད་པ་རེད། དེར་བརྟེན་ངས་ཁོང་ལ་རྒྱུན་ལྡན་གྱི་དྲི་བ་ཁག་གཏོང་རུ་བཅུག་པ་ཡིན། འོན་ཀྱང་ཁོང་གིས་རང་ཉིད་ག་རེ་ལ་ཡིད་ཆེས་ཡོད། མ་འོང་པར་དམིགས་ཡུལ་ག་རེ་ཡོད། ཁྱོད་རང་རྒྱ་མིར་དགའ་པོ་ཡོད་དམ་སོགས་དྲི་བ་ཚ་པོ་དེ་འདྲ་གཏོང་གི་འདུག་པས། ཆུ་ཚོད་གཅིག་ཙམ་གྱི་རྗེས་སུ་ངའི་དྲིས་ལན་རྣམས་ཇེ་ཐུང་ནས་ཇེ་ཐུང་དུ་ཕྱིན་སོང་བ་དང་ཁོང་ཡང་བོད་མོ་ཉེན་རྟོག་པ་དེ་དང་མཉམ་དུ་ངའི་ཕྲག་མགོར་གཉིད་ཁུག་སོང༌། ངས་རླངས་འཁོར་ནང་གི་གློག་གི་དུས་ཚོད་དེར་བལྟས་དུས། ༢༠༠༨ལོའི་ཟླ་༨ཚེས་༡རེད་འདུག་པས་དེ་ནི་ཏག་ཏག་ན་ནིང་ང་རང་ནད་ལོག་བརྒྱབ་ནས་ལོ་གཅིག་འགོར་འདུག༌། ད་ལྟ་ང་ནི་ཉེན་རྟོག་པའི་རླངས་འཁོར་ནང་དུ་ཡོད་པ་དང༌། མུན་ནག་ནང་དཀར་དམར་ལྡན་པའི་ཉེན་རྟོག་རླངས་འཁོར་གྱི་ཉེན་བརྡ་གློག་སྒྲོན་དེ་འོད་ཆིམ་ཆིམ་དུ་འཕྲོ་བཞིན་འདུག ལམ་བར་དུ་ང་ལ་འདྲི་བརྩད་དང་ཉེན་རྟོག་པ་གཉིས་གཉིད་ཁུག་ནས་མགོ་བོ་ངའི་ཕྲག་མགོར་འཇོག་ཡོད་དུས། ང་ནི་ཨབ་བྲ་ཞིག་རི་བོང་གི་ཚང་ནང་དུ་ལྷུང་བ་ཇི་བཞིན་གྱི་ཚོར་སྣང་ཞིག་བྱུང་སོང༌། །

ང་ནི་གཉིད་རྩ་བ་ནས་ཁུག་མ་སོང༌། ང་ནི་ཚེ་བརྩོན་གྱི་སྐོར་བསམ་བློ་འཁོར་བྱུང༌།  རྒྱ་ནག་ནང་བརྩོན་པའི་ལག་པར་རང་སྡོམ་ལྕག་སྒྲོག་རྒྱག་པ་ནི་རྒྱུན་ལྡན་ཞིག་རེད། དེ་སྔོན་བོད་པའི་བཙུན་མ་ཞིག་གིས་ང་ལ་རྒྱ་མིས་གློག་གི་བེར་རྒྱུག་མཚན་མའི་ནང་བཅུག་གི་རེད་ཅེས་འགྲེལ་བཤད་བྱས་བྱུང༌། །ངའི་བསམས་པར་རྒྱ་ནག་གིས་བཙོན་པར་མནར་གཅོད་གཏོང་སྟངས་སྐོར་འགྱུར་བ་བཏང་ཚར་ཡོད་ཀྱི་རེད་བསམས་བྱུང༌། །ངའི་མཇིང་པར་བོད་རྒྱལ་ལོ་ཞེས་པགས་གཙགས་རི་མོ་ཞིག་ཡོད་པ་རེད། དེ་ཁོང་ཚོས་མེ་སྲེག་བཏང་ནས་མེད་པ་བཟོ་རྒྱུ་རེད། ཡང་ན་གྲི་ཡིས་གཞོག་ནས་མེད་པ་བཟོ་རྒྱུ་རེད་དམ།

ངས་དགོས་འདུན་ཞིག་འདོན་རྒྱུ་ནི། ཁོང་ཚོས་ཁྲིམས་ཐག་ག་རེ་བཅད་པ་ཡིན་རུང་ངས་རང་ཉིད་རང་ཤི་རྒྱག་རྒྱུར་རྩོད་པ་བྱ་རྒྱུ་དེ་རེད། གལ་སྲིད་ཁོང་ཚོས་ང་ལ་མི་ལོ་༡༥ཡི་ཁྲིམས་ཐག་བཅད་པ་ཡིན་ན་གློད་བཀྲོལ་ཐོབ་སྐབས་རང་ལོ་༣༩ཟིན་གྱི་རེད། ཡིན་ན་ཡང་ངས་ཆབ་སྲིད་བཙོན་པ་དཔལ་ལྡན་རྒྱལ་མཚོའི་སྐོར་ལ་བསམ་བློ་བཏང་བ་ཡིན། བོད་པའི་སྐུ་ཞབས་ཁོང་ནི་མི་ལོ་༣༣བཙོན་ཁང་ནང་མི་ཚེ་བསྐྱལ་མཁན་ཞིག་རེད། ཁོང་གིས་ནམ་ཡང་བློས་གཏོང་བྱས་མེད་པ་དང༌། ད་དུང་བོད་པའི་ཆབ་སྲིད་བརྩཽན་པ་མང་པོ་ཞིག་གི་མདུན་ནས་ངས་གནས་ཚུལ་དེ་འདྲ་མང་པོ་ཐོས་མྱོང་ཡོད། འོན་ཀྱང་ངས་ཁོང་ཚོའི་ལས་དབང་དང་བསྡུར་ཐུབ་པའི་ཡིད་ཆེས་མེད། མཎ་ཌ་ལ་དང་བདག་ཉིད་ཆེན་པོ་གྷན་དྷི་རྣམ་གཉིས་ཀྱིས་ངལ་བ་ཁྱད་བསད་ཀྱིས་གཞན་ལ་ཞབས་ཕྱི་སྒྲུབ་པ་རེད། ཕར་ཆེར་མིའི་སྙིང་སྟོབས་ནི་བསམ་བློའི་ནུས་པ་ལས་བྱུང་བ་འདྲ། གལ་སྲིད་ཁྱོད་ལ་ཐེངས་གཅིག་དྲང་བདེན་མིན་པའི་གནས་ཚུལ་ཞིག་འཕྲད་ཚེ། དེ་ལ་ཁྱོད་ཀྱིས་ཐེངས་བརྒྱ་ཐམ་པ་འཐབ་རྩོད་བྱ་རྒྱུའི་དམ་བཅའ་འཇོག་ཐུབ་ཀྱི་རེད་དམ། ཡིན་ན་ཡང་ངས་ཡང་བསྐྱར་རང་སྲོག་གཅོད་རྒྱུའི་བསམ་བློ་འཁོར་བྱུང༌། ངས་རྒྱུན་དུ་ཁོང་ཚོས་ང་བསད་ཀྱི་མ་རེད་དྲན་གྱི་འདུག སྤྱི་ཁོང་ཚོ་དང་ལྟ་བ་མི་མཐུན་པ་དེ་ཚོ་ཁྲིམས་ཐག་ལོ་ལྔ་ནས་བཅུ་བར་གཅོད་ཀྱི་ཡོད་པ་རེད། དེ་འདྲ་ཁོ་ན་ཕྱི་ཉིན་ཞོགས་པ་དར་རྩེ་མདོར་མ་སླེབས་བར་དུ་ངའི་སེམས་པའི་ནང་དོག་པ་དང་སེམས་ཁྲལ་ཀྱང་ཀྱང་ལང་བྱུང༌།

ཁོང་ཚོས་ང་དར་རྩེ་མདོའི་ཡུལ་ལུང་གི་མཛེས་ལྗོངས་ཚང་མ་མཐོང་སའི་མགྲོན་ཁང་ཞིག་གི་ཐོག་བརྩེགས་བཞི་པའི་ཐོག་ཏུ་འཁྲིད་བྱུང༌། དེ་རུ་ཉེན་རྟོག་པའི་འགོ་གཙོ་དེས་ང་ལ་འདྲི་བརྩད་བྱས་བྱུང༌། ཁོང་ནི་ངའི་ཁ་གཏད་དུ་སྒེའུ་ཁུང་ཞིག་གི་འགྲམ་དུ་བསྡད་འདུག་པ་དང༌། ཁོང་གི་རྒྱབ་ཏུ་ཉེན་རྟོག་པ་གཉིས་བསྡད་འདུག ད་དུང་ཉེན་རྟོག་པ་གཉིས་ཉལ་ཁྲིའི་སྒང་དུ་བསྡད་ནས་གློག་བརྙན་དང་ཟིན་བྲིས་རྒྱག་བཞིན་འདུག ཁོང་ཚོ་ཚང་མས་ཉེན་རྟོག་པའི་ཆས་སྤྲས་མི་འདུག ཉེན་རྟོག་པའི་འགོ་གཙོ་དེས་མཛའ་བརྩེ་དང་ལྡན་པའི་སྐད་གདངས་ཐོག་ནས་སྐད་ཆ་བཤད་དུས་དེ་ནི་འདྲི་བརྩད་བྱེད་བཞིན་པའི་རྣམ་པ་ཞིག་མི་འདུག ཁོང་གིས་ང་ལ་རྒྱུན་ཆད་མེད་པ་སྐད་ཆ་མང་པོ་དྲིས་བྱུང༌། ངའི་ལན་འདེབས་ནང་གནས་ཚུལ་མི་འཐུན་པ་ཡོད་མེད་བརྟགས་ཀྱི་འདུག གལ་སྲིད་ངས་གནས་ཚུལ་དྲང་བདེན་བཤད་པ་ཡིན་ན། ངས་རང་ཉིད་བཙོན་འཇུག་བྱ་རྒྱུའི་ཉེས་པ་གཏོང་བ་ཞིག་རེད། ང་ཚོ་རླངས་འཁོར་ནང་ནས་ཡོང་སྐབས་ངས་རང་མིང་རྫུན་མ་བཟོས་པ་དང་རྫུན་མ་ག་རེ་བཤད་དགོས་མིན་སོགས་ཚང་མ་གྲ་སྒྲིག་བྱས་པ་ཡིན། །ཁོང་ཚོས་ང་ལ་འདྲི་བརྩད་བྱེད་སྐབས། ངས་ཉེན་རྟོག་པའི་འགོ་གཙོ་དེར་རྒྱ་སྐད་ཀྱི་ཚིག་དེ་དག་གི་ནང་དོན་བསྐྱར་འདྲི་བྱས་པ་ཡིན། ངས་དེ་ལྟར་བྱས་པ་ཡིན་ན། ང་ལ་བསམ་བློ་གཏོང་བའི་གོ་སྐབས་རག་གི་ཡོད་པ་རེད། ངས་དྲིས་ལན་ཚང་མ་དབྱིན་ཇིའི་སྐད་ནང་བརྒྱབ་ནས་ཁོང་ཚོའི་སྐད་ཆ་འདྲི་མཚམས་བཅད་པ་ཡིན། དེ་འདྲ་བྱས་པ་ཡིན་ན་ངས་རྫུན་གཏམ་མང་པོ་གསར་བཟོ་བྱེད་ཐུབ་ཀྱི་འདུག། ངས་རྫུན་མ་མང་པོ་བཤད་པས་མ་ཚད་ཁྱད་མཚར་བའི་དབྱིན་ཇིའི་ཚིག་དེ་འདྲ་བེད་སྤྱོད་བྱས་པ་ཡིན། །འོན་ཀྱང་དེའི་ཉིན་མོ་ང་ལ་རྫུན་ཤོད་རྒྱུའི་སྤོབས་པ་མི་འདུག་ཀྱང་ང་ལ་འགྱོད་པ་རྩ་བ་ནས་མི་འདུག ཉེན་རྟོག་པ་འགོ་གཙོ་དེས་ང་ལ་ཁྱོད་རང་རྡ་རམ་ས་ལ་འགྲོ་མྱོངས་ཡོད་མེད་སྐོར་སྐད་ཆ་དྲིས་བྱུང་བས། ངས་རྡ་རམ་ས་ལ་འགྲོ་མྱོངས་ཡོད་རྡ་རམ་ས་ལ་ཀྲུའུ་ཤིས་ཏ་(Tushita) རུ་ནང་ཆོས་སྦྱོར་བརྡར་བྱེད་ས་ཡོད་པས་དེ་ནས་ང་ལ་སོ་སོའི་རེ་བ་ནང་བཞིན་ནང་ཆོས་སྐོར་བློ་སྒོ་མང་པོ་ཕྱེས་བྱུང༌། ང་ལ་ཧི་མ་ལའི་རི་རྒྱུད་ཀྱི་མི་དེ་ཚོ་དང་ཆོས་ཕྱོགས་ཀྱི་འབྲེལ་བ་ཡོད་ཚུལ་འགྲེལ་བརྗོད་བྱས་པ་ཡིན། །མ་ཚད་ངས་དེ་རུ་ཉིན་བཅུ་ཙམ་སྒོམ་རྒྱག་སྟངས་སྦྱངས་བ་ཡིན་ཞེས་འགྲེལ་བརྗོད་བྱས་པ་ཡིན།

དམར་ཤོག་གི་ལྟ་གྲུབ་ནི་ཁོང་ཚོའི་ཆོས་ལུགས་ལྟ་བུ་ཞིག་ཏུ་གྱུར་རྗེས། རྒྱ་མི་ལས་བྱེད་པ་ཚང་མར་ཆོས་ལ་ཡིད་ཆེས་བྱེད་མི་ཆོག་པའི་བཀའ་རྒྱ་ཡོད་པ་ངས་ཤེས་ཀྱི་ཡོད། ཡིན་ན་ཡང་ངས་ཉེན་རྟོག་པ་འགོ་གཙོ་དེ་ལ་ཁོང་རང་གིས་ཡིད་ཆེས་སྐོར་སྐད་ཆ་དྲིས་པ་ཡིན་ལ། ཁོང་གང་འདྲ་བྱས་ནས་ཆོསཀྱི་སྐོར་ལ་བསམ་བློ་གོང་འཕེལ་དུ་འགྲོ་ངེས་རེད། གལ་སྲིད་ཁོང་ཉིན་བཅུ་ཙམ་སྒོམ་སྒྲུབ་ཉམས་ལེན་བྱས་པ་ཡིན་ན་གོང་འཕེལ་དུ་འགྲོ་ཐུབ་ཀྱི་རེད་དམ། །དེས་ཁོང་ལ་གད་མོ་སློང་སོང༌། འདྲི་བརྩད་ནི་ཁ་བརྡར་གྱི་སྐད་ཆ་ཞིག་ཏུ་འགྱུར་སོང༌། །ཉེན་རྟོག་པ་འགོ་གཙོ་དེ་ཚོ་ཚང་མས་དྷ་རམ་ས་ལའི་སྐོར་སྐད་ཆ་དྲིས་བྱུང༌། །ཁོང་གིས་བོད་པ་ཚོས་རང་བཙན་རྩོད་བཞིན་ཡོད་པས་ང་ལ་བསམ་ཚུལ་ག་རེ་ཡོད་མེད་སྐོར་སྐད་ཆ་དྲིས་བྱུང་བས། ངས་ཁོང་རང་ཉིད་ལ་བསམ་ཚུལ་གང་འདྲ་ཡོད་མེད་སྐད་ཆ་དྲིས་པ་ཡིན། །ཁོང་གིས་ངར་པོའི་ཐོག་ནས་བོད་པ་ཚོས་རང་བཙན་རྩོད་བཞིན་པ་ནི་ཅི་འདྲའི་ལྐུག་རྟགས་ཚ་པོ་ཞིག་མ་རེད་དམ་ཟེར། ངས་མི་གཞན་ལ་དེ་འདྲ་ལྐུག་རྟགས་ཚ་པོ་ཞེས་བཤད་ན་སྙིང་རྗེ་པོ་ཡོད་པ་མ་རེད། ང་ཚོས་མི་ཚང་མར་སྙིང་རྗེ་བྱེད་དགོས་པ་རེད། ཡིན་ན་ཡང་ངས་ཀྱང་གནས་ཚུལ་མང་པོ་ཞིག་གི་སྐོར་སློབ་སྦྱོང་བྱེད་དགོས་པ་འདུག་ཅེས་བཤད་པ་ཡིན། དེ་ནས་ངས་ང་རང་བོད་པའི་ནང་ཆོས་ལ་དུང་ཞེན་ཆེན་པོ་ཡོད་སྐོར་ཡང་འགྲེལ་བཤད་བྱས་པ་ཡིན། །

ང་ལ་དམག་སྒར་གྱི་འདྲ་པར་དེ་ཚོའི་སྐོར་སྐད་ཆ་འདྲི་སྐབས། ངས་ང་རང་འདྲ་པར་དེ་འདྲ་ལ་དགའ་པོ་ཡོད་ཚུལ་བཤད་པ་ཡིན༌། ང་ལ་གློག་འཕྲིན་(E-mail)་གྱི་སྐོར་སྐད་ཆ་འདྲི་སྐབས། ཟླ་བ་ཁ་ཤས་སྔོན་ནས་ངའི་དགའ་རོགས་དང་རྩོད་པ་ཤོར་ནས་ངས་གློག་འཕྲིན་ཁ་བྱང་མེད་པ་བཟོས་པ་ཡིན། ངས་སེམས་པར་ན་ཚ་གཏོང་ཁུལ་བྱས་ནས་དགའ་རོགས་དང་མཉམ་དུ་ཡུན་རིང་འགྲོགས་རྒྱུ་ནི་ཅི་འདྲའི་དཀའ་ལས་ཁག་པོ་ཞིག་མ་རེད་དམ་ཞེས་བཤད་པ་ཡིན། དེ་ནི་དངོས་ཡོད་གནས་ཚུལ་དང་མི་མཐུན་པའི་བར་ཐག་རིང་པོ་ཞིག་མིན་པས་ང་ལ་སྐད་ཆ་ཤོད་རྒྱུ་མང་པོ་བཟོས་པ་རེད།

ཁོང་ཚོས་ང་ལ་ཆུ་ཚོད་གཉིས་ཙམ་སྐད་ཆ་དྲིས་རྗེས། ཉེན་རྟོག་པའི་འགོ་གཙོ་དེ་འདོད་བློ་ཁེངས་པ་ལྟ་བུ་ཞིག་བྱུང་འདུག ངས་ཁོང་ཚོར་ང་ནི་ཡིད་རྨོངས་ཅན་ཞིག་དང༌། སྡང་སེམས་མེད་པའི་བུ་མོ་ཞིག་ཡིན་པ་ར་སྤྲོད་བྱེད་འདོད་ཡོད་པ་རེད། ཁོང་གིས་ངའི་ལྕ་དངོས་དེ་དག་ལ་ཞིབ་བཤེར་བྱེད་དགོས་ཚུལ་བཤད་བྱུང༌། ད་ལྟ་དཔང་རྟགས་གཅིག་ཁོ་ན་ལྷག་ཡོད་པ་ནི་་ངའི་(external hard drive)དེ་གཅིག་པུ་རེད། གལ་སྲིད་ཁོང་ཚོས་དེ་ཁ་ཕྱེ་བ་ཡིན་ན། ངས་བཤད་པའི་སྐད་ཆ་དེ་ཚོ་ཚང་མ་རྫུན་མ་ཡིན་པ་ཤེས་ཀྱི་རེད།

འགོ་གཙོ་དེས་ང་ལ་ཁྱོད་རང་མགྲོན་ཁང་དུ་སྒུག་སྡོད་ང་ཚོས་(hard drive)དེ་ལ་ལྟ་དགོས་པ་རེད་ཟེར་བྱུང་བས། ང་ནི་ག་བྱེད་འདི་བྱེད་མེད་པར་གྱུར་སོང༌། །ངས་བསམ་བློ་གཅིག་པོ་འཁོར་བ་ནི་འགྲོ་བ་མིའི་བར་གྱི་གཏུན་ཤེས་དང༌། ངས་ཁོང་ཚོས་ང་ནི་མི་ངན་པ་ཞིག་མིན་པ་མཐོང་རུ་བཅུག་པ་དང༌། ཁོང་ཚོའི་སེམསནང་ང་ལ་བཙོན་འཇུག་བྱ་རྒྱུའི་བསམ་བློ་མེད་པ་བཟོ་འདོད་པ་དེ་རེད། དེར་བརྟེན་ངས་ཁོང་ཚོ་དང་མཉམ་དུ་ཁ་བརྡར་བྱས་པ་དང༌། གློག་བརྙན་ལྟ་བ། ཞོགས་ཟས་བཅས་བཟས་པ་ཡིན། །

ང་ནི་རྒྱལ་ཁབ་མང་པོར་ལྟ་སྐོར་དུ་འགྲོ་མྱོངས་ཡོད་པས། བོད་མོ་ཉེན་རྟོག་པ་དེས་ང་ལ། ཁོང་རང་ཉིད་ལོ་ན་༢༤ཡི་སྐབས་སུ་བུ་ཞིག་དང་འཆང་ས་བརྒྱབ་ནས་རྟགས་ཏུ་ཉེན་རྟོག་ལས་ཁུངས་སུ་ལས་ཀ་བྱེད་པ་ཡིན་ཟེར། ཁོ་མོ་འཛམ་གླིང་གང་སར་ལྟ་སྐོར་དུ་འགྲོ་འདོད་འདུག འོན་ཀྱང་དེ་ནི་ཡོང་མི་སྲིད་པ་ཞིག་རེད་ཟེར། ད་དུང་ཁོ་མོས་ཨ་རི་དུ་ངའི་ནང་མི་སོགས་ཀྱི་སྐོར་སྐད་ཆ་དྲིས་བྱུང་བས་ངས་ཁོང་ལ་མཱ་ནིན་སུ་ཏ་རུ་ཆུ་མཚོ་༡༠༠༠༠ཙམ་ཡོད་པ་དང༌། འཛམ་གླིང་གི་ཁྲོམ་རྭ་ཆེ་ཤོས་སྐོར་སོགས་བཤད་པ་ཡིན། དེ་རྗེས་ཁོ་མོ་གཉིད་ཁུག་སོང་བས། ང་རང་ཉལ་ཁྲི་གཞན་པ་ཞིག་གི་ཐོག་ཏུ་སྤོས་ནས་ང་ལ་ཞེད་སྣང་སྐུལ་མཁན་དང་འཛིན་བཟུང་བྱེད་མཁན་གྱི་ཉེན་རྟོག་པ་དེ་དང་སྐད་ཆ་བཤད་ནས་བསྡད་པ་ཡིན། ཁོང་ནི་དབྱིན་སྐད་སྦྱོང་བརྡར་བྱེད་འདོད་ཡོད་པ་རེད། བརྙན་འཕྲིན་ཐོག་ཨོ་ལིམ་ཕིང་གི་སྐོར་ལེ་ཚན་ཞིག་སྐད་ཆུང་ཆུང་བཟོས་ནས་བལྟས་པ་ཡིན། །ཉེན་རྟོག་པ་དེས་ཨོ་ལིམ་ཕིང་ནང་དུ་རྩེད་མོ་དང་ལྷག་པར་ལག་རྩེད་སྤོ་ལོ་ལ་རེ་སྒུག་བྱེད་ཀྱི་འདུག ཁོང་གིས་ཁོང་ནི་རྒྱ་ནག་གཞུང་གི་མི་ཞིག་ཡིན་པའི་ཅི་འདྲའི་སྤོབས་པ་བྱེད་འོས་པ་ཞིག་མ་རེད་དམ་ཟེར།་ ཉེན་རྟོག་པ་གཞན་པ་མ་སླེབས་བར་དུ་ཆུ་ཚོད་བཞི་ཙམ་རིང་ལ་ངས་ཉེན་རྟོག་པ་གཉིས་དང་ཁ་བརྡར་བྱས་པ་ཡིན། དེ་ནས་ཁོང་ཚོས་འགྲོ་རན་འདུག་ཟེར། ངས་ཁོང་ཚོར་ང་ཡང་ཁྲི་ཏུའུ་དུ་ཕྱིར་ཁྲིད་རོགས་ཞེས་བཤད་པས་ཁོང་ཚོ་ལ་དབང་ཆ་ཡོད་པ་མ་རེད་ཟེར། ཁོང་ཚོས་ངའི་གློག་འཕྲིན་ཁ་བྱང་སྐོར་སྐད་ཆ་དྲིས་བྱུང་བས་ངས་ཁ་བྱང་མེད་པ་བཟོས་ཚར་ཞེས་ཡང་བསྐྱར་དྲན་སྐུལ་བྱས་པ་ཡིན། །ངས་ཁོང་ཚོར་མིག་དཀྲོག་དཀྲོག་བྱས་ནས་བལྟས་པ་ཡིན། ཁོང་ཚོས་ང་ཡང་བསྐྱར་རླངས་འཁོར་བའི་རྒྱབ་ཀྱི་སྡོད་སའི་ཐོག་ཉེན་རྟོག་པ་བཞི་དང་མཉམ་དུ་བཅུག་བྱུང་བས་ངས་བསམས་པར་ད་ནི་ཁོང་ཚོས་ང་བཙོན་འཇུག་བྱ་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད། ཁོང་ཚོས་ང་ལ་ཞིབ་དཔྱད་བྱེད་པར་ག་ཚོད་བར་འགོར་སྲིད་ཀྱི་རེད་དམ་བསམས་བྱུང༌། ཁོང་ཚོས་ང་ལ་ག་རེ་བྱ་འདོད་ཡོད་ན་བསམས་ནས་མགོ་འཐོམས་སོང༌། རླངས་འཁོར་དེ་ཁ་ཕྱོགས་གཅིག་ལ་བཏང་ནས་ཕྱིན་སོང༌། ཡུན་ཙམ་ཕྱིན་རྗེས་རླངས་འཁོར་ཁ་བཀག་ནས་ཕྱིར་མགྲོན་ཁང་དུ་ཕྱིན་སོང་བས་ངས་ཁོར་ཚོར་ང་གར་པར་ཁྱེར་འགྲོ་བཞིན་ཡོད་མེད་སྐད་ཆ་དྲིས་དུས་ཁོང་ཚོས་མི་གོའི་ཚུལ་བྱེད་ཀྱི་འདུག ཁོང་ཚོས་ང་མགྲོན་ཁང་ནང་གི་རླངས་འཁོར་གཞན་པ་ཞིག་གི་ནང་བཅུག་སྟེ་ཁ་ཕྱོགས་མི་འདྲ་བ་ཕྱིན་སོང༌། མཇུག་མཐར་ཁོང་ཚོས་ང་ཁྲི་ཏུའུ་ལ་ཁྱེར་འགྲོ་བཞིན་ཡོད་ཟེར། ཡིན་ན་ཡང་ངས་ཁོང་ཚོར་ཡིད་ཆེས་མ་བྱུང༌། ཁོང་ཚོས་རྫུན་མ་ཤོད་ཀྱི་ཡོད་དམ་ངོ་མ་ཤོད་ཀྱི་ཡོད་ངས་བཤད་ཐུབ་ཀྱི་མ་རེད། ངས་སྐད་ཆ་མི་འདྲ་བ་འདྲི་རྒྱུ་ཐབས་ཤེས་བྱས་པ་ཡིན། གལ་སྲིད་ཁོང་ཚོས་ང་དངོས་གནས་ཁྲི་ཏུའུ་དུ་གློད་བཀྲོལ་གཏོང་བ་འགྲོ་བཞིན་ཡོད་ན་ངའི་འབད་བརྩོན་དེ་ཚོ་བེད་མེད་ཅིག་རེད། ཁོང་ཚོས་ངའི་ཕྱྀ་བསྐྱོད་ལག་འཁྱེར་དང་ལག་བཟུང་ཁ་དཔར་ཕྱིར་སྤྲད་ཀྱི་མ་རེད་བསམས་བྱུང༌། ངས་ཁོང་ཚོར་ག་རེ་བྱས་ནས་ངའི་ཕྱི་སྤྱོད་ལག་འཁྱེར་དང་ལག་བཟུང་ཁ་དཔར་ཕྱིར་མི་སྤྲད་པ་ཡིན་ཞེས་དྲིས་པས། རླངས་འཁོར་བའི་ནང་མདུན་དུ་བསྡད་ཡོད་པའི་མི་དེས་དེ་ཚོ་ཁོང་ཚོའི་ལག་ཏུ་མེད་རླངས་འཁོར་གཞན་པའི་ནང་ཡོད་པ་རེད་ཅེས་བཤད་བྱུང༌། །ཡིན་ན་ཡང་ངས་ངའི་ལག་བཟུང་ཁ་དཔར་དེའི་ནང་གློག་མེ་རྫོགས་འགྲོ་བཞིན་པའི་སྒྲ་ཞིག་ཁོང་གི་སྟོད་ཐུང་ཁུག་མའི་ ནང་ནས་ཐོས་བྱུང་བས་ད་ནི་ལས་སླ་མོ་ཞིག་བྱུང་མ་སོང་བསམས་བྱུང༌། དེ་ནས་ང་ཚོ་ཟ་ཁང་ཞིག་ཏུ་ཉིན་གུང་ཁ་ལག་བཟས་པ་ཡིན། ཕར་བལྟས་ཚོད་ལ་གཤིས་ཀ་འཇམ་པོ་ཡོད་ས་རེད་བསམ་པའི་ཉེན་རྟོག་པ་དེས་ང་ལ་བོད་སྐད་ནང་མཛེས་མ་ཞེས་གད་མོ་སློང་བྱུང༌། དེ་ནས་ཁོང་ཚོས་ང་ལ་རྩེད་མོ་རྩེད་རྒྱུའི་འགོ་བཙུགས་སོང༌། །ཉེན་རྟོག་པ་གཞན་ཞིག་གིས་ང་ལ་ཁོང་གི་བུ་ལོ་གཉིས་ཐོག་དབྱིན་ཡིག་སློབ་ན་སྔ་དྲག་པ་རེད་དམ་ཞེས་སྐད་ཆ་དྲིས་བྱུང་བས། ངས་ཆུང་དུས་ནས་འགོ་བཙུགས་པ་ཡིན་ན་ཡག་བ་ཡོད་པ་རེད་ཅེས་བཤད་པ་ཡིན། ཁོང་ཚོས་ང་ལ་འཆམ་མཐུན་བྱེད་ཀྱི་འདུག་པ་དེ་ནི་ང་ལ་བརྡ་མཚོན་ཞིག་སྤྲད་ཀྱི་ཡོད་པ་འདྲ། ཁོང་ཚོས་ང་བཙོན་འཇུག་བྱེད་ཀྱི་མ་རེད་བསམས་པའི་ང་ལ་རེ་བ་ཅུང་ཙམ་རྙེད་བྱུང༌། །

ང་ཚོ་ཆུ་ཚོད་ལྔ་ཙམ་ཕྱིན་རྗེས་ཁྲི་ཏུའུ་དུ་སླེབས་འདུག་པས་དེ་ཉིན་སྤྱི་ཟླ་༨ཚེས་༡དགོངས་དྲོ་ཆུ་ཚོད་༦ཙམ་རེད་འདུག མདུན་དུ་བསྡད་ཡོད་པའི་ཉེན་རྟོག་པ་དེས་ང་ལ་མགྲོན་ཁང་དེ་སྲང་ལམ་གང་དུ་ཡོད་མེད་སྐད་ཆ་དྲིས་བྱུང་བས་ངས་ཡིད་ཆེས་བྱེད་ཐུབ་མ་བྱུང༌། འོན་ཀྱང་ཁོང་ཚོས་ང་བཙོན་ཁང་དུ་ཁྱེར་རྒྱུ་མིན་པ་ངའི་མགྲོན་ཁང་གང་དུ་ཡོད་མེད་སྐད་ཆ་འདྲི་དུས། ངས་ངའི་ལམ་ཡིག་ས་ཁྲའི་ནང་ལྟ་དགོས་ཞེས་བཤད་པ་ཡིན། །ངས་ཁོང་ཚོར་ན་ནིང་སྤྱི་ཟླ་༨པའི་ཚེས་༡ཉིན་གནས་ཚུལ་ག་རེ་འབྱུང་བ་རེད་ཅེས་དྲིས་དུས། ཁོང་ཚོས་ང་ལ་སེམས་ཁྲལ་དགོས་པ་མ་རེད་ཅེས་ཟེར་ང་ནི་བདེ་འཇགས་ཞིག་རེད་གང་ཡིན་ཟེར་ན་ལོ་འདིར་ཉེན་རྟོག་པ་དང་མཉམ་དུ་ཡོད་པ་རེད། སྐར་མ་ཁ་ཤས་ཀྱི་རྗེས་སུ། ཉེན་རྟོག་པ་འགོ་གཙོ་དེས་ང་ལ་ནག་ཉེས་ཀྱི་ཡི་གེ་ཞིག་འབྲི་དགོས་ཟེར་བྱུང་བས་སྐད་ཆ་དེས་ང་ལ་དོག་པ་ཞིག་སློང་བྱུང༌། ཁོང་ཚོས་སྔོན་མ་ནས་བཟུང་སྟེ་ངའི་གནད་དོན་སྐོར་ཡི་གེ་ཤོག་ལྷེབ་མང་པོ་བྲིས་ཚར་བ་རེད། ཡིན་ན་ཡང་ཁོང་ཚོས་ངས་རང་ཉིད་ཀྱི་དགོང་དག་གི་ཡི་གེ་ཞིག་བྲིས་ཟེར་གྱི་ཡོད་པ་རེད། དུས་ཚོད་རིང་པོ་འགོར་གྱི་མ་རེད། དེ་ནས་ངས་སྤྱི་སྤྱོད་རླངས་འཁོར་བསྡད་དེ་ངའི་སྡོད་སའི་མགྲོན་ཁང་དུ་འགྲོ་ཐུབ་ཀྱི་རེད་བསམས་བྱུང༌། །ངའི་བསམས་ཚུལ་ལ་ཁོང་ཚོས་ངོས་ལེན་བྱེད་ཀྱི་རེད་དམ།

ང་ཚོ་ཧྤང་སི་མགྲོན་ཁང་དུ་སླེབས་རྗེས་ཁོང་ཚོས་ཐོག་བརྩེགས་གཉིས་པའི་ཐོག་ཁང་མིག་གཉིས་གླས་སོང༌། ངས་དེ་སྔོན་དམག་སྒར་དང་ཉེན་རྟོག་པ་དེ་ཚོར་འདྲ་དཔར་བརྒྱབ་པ་དེ་ཚོ་ཁྲིམས་འགལ་ཡིན་པ་དང༌། ངས་མ་འོངས་པར་རྒྱལ་ཁབ་ཀྱི་ཁྲིམས་ལ་བརྩི་སྲུང་དང་སློབ་སྦྱོང་བྱ་དགོས་པ་འདུག་སོགས་ཡི་གེ་ཤོག་ལྷེབ་གཅིག་དང་ཕྱེ་ཀ་ཙམ་ཞིག་བྲིས་པ་ཡིན། ངས་ཡི་གེ་དེ་བྲིས་ཚར་རྗེས་ཁོང་ཚོ་དང་མཉམ་དུ་དགོང་ཟས་ཟ་བར་སྐད་བཏང་བྱུང༌། ང་ནི་ཁོང་ཚོའི་དང་མཉམ་དུ་ཁ་ལག་བཟའ་བར་འགྲོ་རྒྱུར་འདོད་མོས་མེད། འོན་ཀྱང་ངས་ཁོང་ཚོ་དང་མཉམ་དུ་ཉིན་གང་ཞིག་མཉམ་དུ་རྩེད་མཚར་དུ་རོལ་ནས་བསྡད་ཡོད་པ་དང༌། ད་ཐེངས་ཁ་ལག་བཟང་པོ་དེ་གཡུག་ན་འགྲིགས་ཀྱི་རེད་དམ། ཉེན་རྟོག་པ་ཞིག་གིས་ང་ལ་གལ་སྲིད་ཁྱོར་རང་ཕྱིར་ལོག་ཡོང་ན་ཕྱི་ལོག་ལ་འགྲོ་ན་འགྲིགས་ཀྱི་རེད་ཟེར། གང་ཡིན་ཟེར་ན་ཁོང་ཚོས་ད་དུང་ང་ལ་སྐད་ཆ་ཤོད་རྒྱུ་ཅུང་ཙམ་ལྷག་ཡོད་པས་རེད། གནས་ཚུལ་ག་རེ་ཞིག་འབྱུང་མེད་ཐོག་ཐེ་ཚོམ་དང་ཡིད་ཆད་ཀྱི་སྒང་ནས་ངས་ཁོང་ཚོ་དང་མཉམ་དུདགོངས་ཟས་ཟ་རྒྱུ་ཐག་བཅད་དང་མོས་མཐུན་བྱས་པ་ཡིན། དེ་ནི་ང་ལ་དོ་དམ་འོག་ཏུ་ཟ་ཁང་རྫིག་པོ་ཞིག་གི་ནང་ཉེན་རྟོག་པ་དང་མཉམ་དུ་ཁ་ལག་ཟ་བ་ཐེངས་བཞི་པ་དེ་རེད། ཉེན་རྟོག་པ་གཉིས་ཀྱིས་ཨ་རག་ཤེལ་དམ་བཞི་ཙམ་བཏུང་སོང༌། ཁོང་ཚོས་ཁ་ལག་ཟ་བཞིན་གད་མོ་བགད་པ་དང་ཕོར་པ་ཡར་བཀྱག་ནས་བཀྲ་ཤིས་བདེ་ལེགས་ཞེས་སྐད་ཅོར་རྒྱག་གི་འདུག འོན་ཀྱང་ང་ནི་ཁོང་ཚོས་ག་དུས་གློད་བཀྲོལ་གཏོང་མིན་ལ་བསམས་བློ་ཁོ་ན་འཁོར་བྱུང༌། །

ངའི་ཟུར་དུ་བསྡད་ཡོད་པའི་ཉེན་རྟོག་པ་དེས་ང་ལ་དགོང་ཟས་བཟའ་ཚར་རྗེས་ང་ཚོ་མགྲོན་ཁང་གི་ཁང་མིག་ཐོག་ཁ་དེའི་ནང་འགྲོ་ནས་འདྲ་དཔར་དེ་ཚོ་མེད་པར་བཟོ་དགོས་ཟེར། ངས་དེ་ནི་ཚོད་དཔག་དཀའ་བ་ཞིག་རེད། དེ་ནི་མངའ་སྡེའི་བདེ་འཇགས་ཀྱིས་དོ་དམ་བྱེད་ཀྱི་ཡོད་པ་རེད། ང་ནི་ཁོང་གི་སྐད་ཆ་ལ་ཧང་སང་བ་དང་ཡིད་འགུལ་ཐེབས་བྱུང༌། གང་ཡིན་ཟེར་ན། དར་རྩེ་མདོར་ཡོད་པའི་ཉེན་རྟོག་པ་འགོ་གཙོ་དེས་ངའི་ཡིག་ཆ་བླུ་སྣོད་དེ་གཞུང་བཞེས་བཏང་གི་ཡིན་ཟེར་བྱུང༌། དེ་ནས་ཁོང་ཚོས་ངའི་གློག་ཀླད་ཀྱི་ཡིག་ཆ་བླུག་སྣོད་དེ་ཚོང་ཁང་ཞིག་གི་ནང་དུ་འཁྱེར་ནས་མཚན་གང་པོ་འདྲ་དཔར་དེ་ཚོ་མེད་པར་བཏང་བ་དང༌། དེའི་ཕྱི་ཉིན་ང་ལ་ཕྱིར་སྤྲད་བྱུང༌།

ངས་ཁོང་ཚོའི་སྐད་ཆར་ཡིད་མ་ཆེས་པ་དང༌། ཁོང་ཚོས་ངའི་རྡ་རམ་ས་ལའི་ཆབ་སྲིད་ཀྱི་ལས་ཀ་དེ་ཚོ་ཧ་གོ་སྲིད་ཀྱི་རེད་བསམས་བྱུང༌། འོན་ཀྱང་ཁོང་ཚོས་དྲི་བ་ཙམ་ཡང་མ་དྲིས་པར་འདྲ་དཔར་དེ་ཚོ་མེད་པ་བཏང་ཚར་རྗེས་ངའི་ཕྱི་བསྐྱོད་ལག་འཁྱེར་དང་ལག་བཟུང་ཁ་དཔར་བཅས་ཕྱིར་སྤྲད་བྱུང་བས་དེ་ནས་ང་ཚོ་ཕན་ཚུན་སོ་སོར་ཁ་གྱེས་པ་ཡིན། དེའི་ཕྱི་ཉིན་ནས་ངས་ཡིག་ཆ་བླུགས་སྣོད་སྟོང་པ་དེ་འཁྱེར་བ་དང་ང་ནི་རང་དབང་པ་ཞིག་ཏུ་གྱུར་འདུག

ངས་ད་དུང་ཡང་ཡིད་ཆེས་བྱེད་ཐུབ་ཀྱི་མི་འདུག དེ་སྔོན་ཁོང་ཚོས་ང་ལ་ཚོར་བ་རྣོ་པོས་ཐོག་ནས་བཀག་སྐྱིལ་བྱེད་ཀྱི་འདུག་མོད། འོན་ཀྱང་དེ་ནི་རྒྱ་ནག་གཞུང་གི་ཐའེ་ཝན་ཨ་རིའི་མི་སེར་ཞིག་པེ་ཅིང་རྩེད་འགྲན་གྱི་སྔོན་དུ་བཙོན་འཇུག་བྱེད་ན་ལྟ་ཚུལ་ངན་པ་ཞིག་ཆག་རྒྱུ་རེད་བསམས་ཀྱི་ཡོད་པ་རེད་དམ། དེ་ནི་ང་ལ་ཨོ་རྩལ་འགྲན་ཚོགས་ཀྱིས་སྐྱོབས་པ་ཞིག་ཡིན་ནམ། ད་ལྟ་བོད་མི་མང་པོའི་གནས་སྡོད་བྱེད་ས་རྡ་རམ་ས་ལ་ཕྱིར་ཡོང་བ་ཡིན། དར་རྩེ་མདོར་རྒྱ་མིའི་ཉེན་རྟོག་པས་ང་ལ་འདྲི་བརྩད་བྱས་སྐབས། ངས་ཁོང་ཚོར་རང་ཉིད་ག་རེ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་མེད་དང་ག་རེ་ལ་ཡིད་ཆེས་བྱེད་ཀྱི་ཡོད་མེད་སོགས་ཚང་མ་རྫུན་མ་བཤད་པ་ཡིན། །ངས་དབང་འཛིན་པ་དེ་ཚོར་སྐད་ཆ་ག་རེ་དགོས་ཀྱི་ཡོད་མེད་དང་ག་རེ་བཤད་དགོས་ཀྱི་ཡོད་མེད་ཤེས་ཀྱི་ཡོད། གང་ཡིན་ཟེར་ན་གལ་སྲིད་ངས་གནས་ཚུལ་དྲང་པོ་བཤད་པ་ཡིན་ན། མཇུག་འབྲས་ག་རེ་འགྱུང་མིན་ཤེས་ཀྱི་ཡོད།

མི་རྣམས་ཀྱིས་རྒྱ་ནག་ལ་མ་འོངས་འོད་སྟོང་འཕྲོ་བའི་མདུན་ལམ་ཞིག་ཡོད་པ་རེད་ཅེས་བཤད་སྲིད། ག་རེ་མ་འོངས་འོད་སྟོང་ལྡན་པའི་མདུན་ལམ་ཞིག་ཡོད་པ་རེད། མི་གྲངས་ཐེར་འབུམ་༡་༣ཡོད་པའི་རྒྱལ་ཁབ་དེ་འཛམ་གླིང་གི་མི་འབོར་ལས་དྲུག་ཆ་གཅིག་རེད། དེའི་ནང་སྨྲ་བརྗོད་རང་དབང་དང་བསམ་ཚུལ་མི་འདྲ་བ་འདོན་ས་ཡོད་པ་རེད་དམ།

རྒྱལ་སྤྱིའི་ཨོ་རྩལ་ཚོགས་ཆུང་གིས་ཨོ་རྩལ་གྱི་འགྲན་ཚོགས་དེ། གང་འདྲ་བྱས་ནས་སོ་སོས་གང་བསམ་པ་དེ་བཤད་མི་ཆོག་པ་དང༌། དཀོན་མཆོག་ལ་མཆོད་པ་དང་རང་ཉིད་ཀྱི་གང་འདོད་པ་དེ་ཀློག་མི་ཆོག་པའི་རྒྱལ་ཁབ་ཞིག་ལ་སྤྲད་པ་ཡིན་ནམ། །མི་ཟེར་བ་དེར་སྐྱེས་པ་དང་མཉམ་དུ་རང་དབང་ཞིག་ཡོད་པ་རེད། ངས་རང་དབང་དེ་གཞན་གྱིས་ཁྱེར་བ་ནས་བཟུང་སྟེ་ནམ་ཡང་མོས་བྱེད་མི་སྲིད། རེད་ཡ། ངས་དེ་རིང་ཡིག་འབྲུ་འདི་ཚོ་འབྲི་ཐུབ་ཀྱི་རེད། ཡིན་ན་ཡང༌། རྒྱ་ནག་གཞུང་གི་སྡུག་སྦྱོང་དང་སྲིད་དོན་གྱི་བསམ་བློའི་མདུན་ནས་འཛམ་གླིང་མིང་མང་དྲུག་ཆ་གཅིག་ལ་སེམས་ནང་གང་ཡོད་པ་དེ་བཤད་ཆོག་པའི་རང་དབང་ཡོད་པ་མ་རེད། རྒྱ་ནག་གཞུང་གིས་ཁུ་སིམ་གྱིས་མི་རྣམས་ལ་འཇིག་སྐྲག་སྐུལ་གྱི་ཡོད་པ་རེད། ཡིན་ན་ཡང་མ་འོངས་པར་འཇིག་སྐྲག་དེ་སོ་སོ་རང་ཉིད་ལ་འཁོར་སྲིད་ཀྱི་རེད། མའོ་ཡིས་མེ་སྟག་གཅིག་གིས་རྩ་ཐང་མེ་རུ་བསྲེག་ཞེས་བཤད་ཡོད་པ་རེད། དེ་ནི་སུ་ཞིག་གིས་མེ་སྒྲོན་མིན་གྱི་གནས་དོན་ཁོ་ན་ཞིག་རེད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།