གསར་འགྱུར་གསར་པ།:

དགོངས་ཚུལ།

སྡེ་དགེ་འཇོ་མདའ་ནས་བོད་མི་བརྒྱད་འཛིན་བཟུང་བྱས་པ།

ཤམ་བྷ་ལའི་ཕོ་ཉའི་དྲ་བས་ཕྱི་ལོ་༢༠༠༩ལོའི་ཟླ་༡༠པའི་ཚེས་༡༩ཉིན་སྤེལ། ད་ལོ་སྡེ་དགེ་འཇོ་མདའ་རྫོང་ཁོངས་ཀྱི་ཤང་ཁག་མང་པོ་ཞིག་གི་བོད་མི་རྣམས་ཀྱིས་ ས་ཞིང་བཏབ་མེད་པ་དང་དེ་དག་ལ་རྒྱ་གཞུང་གི་དམག་མི་དང༌། ཉེན་རྟོག་པ། ལས་བྱེད་བཅས་ནས་ཐུབ་ཚོད་དང་སྡིགས་ར་བསྐུལ་བ་སོགས་འདས་ཟིན་པའི་གནས་ཚུལ་རྣམས་སྐབས་བསྟུན་སོ་སོར་གསར་འགྱུར་བརྒྱུད་ལམ་ཁག་ནས་ཡོངས་ཁྱབ་ཏུ་བསྒྲགས་ཟིན་ཡོད་པ་རེད། ད་ལན་ཕྱི་ཟླ་༡༠ཚེས་༡༨ཉིན་འདི་གར་འབྲེལ་ཡོད་ནས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཡང་བསྐྱར་ཉིན་ཤས་སྔོན་ཐོག་མར་འཇོ་མདའ་རྫོང་ཁ་སྒང་ཤང་ལུང་དམར་རུ་བར་དམིགས་བསལ་དམག་མི་དང་རྒྱ་ཡི་ལས་བྱེད་པ་ཁག་ཅིག་ཡོང་ནས་ཞིང་ཁ་རྨོ་དགོས་སྐོར་དང༌། ད་ལོ་ཞིང་ཁ་མ་བཏབ་པའི་རྒྱུ་མཚན་ཇི་ཡིན་གྱི་གནད་དོན་དང་རྐྱེན་རྩ་སུ་ལ་ཐུག་མིན་བཅས་གསལ་བཤད་དགོས་སྐོར་སོགས་བཤད་སྐབས་བོད་མི་རྣམས་ཀྱིས་མ་ཉན་པ་དང༌། ཁ་ལན་སློག་པ་སོགས་མི་འདོད་པའི་རྣམ་འགྱུར་ཤུགས་ཆེ་བཏོན་པར་བརྟེན་ད་བར་ཁ་སྒང་ཤང་ལྷོ་སྟོད་མ་ཁོངས་ནས་བོད་མི་གཞོན་སྐྱེས་བརྒྱད་རིམ་བཞིན་འཛིན་བཟུང་གིས་ བཀག་ཉར་བྱས་ཡོད་འདུག་པ་དང༌། ཁོང་རྣམས་ལ་ཞིབ་ཕྲའི་ཉེས་མིང་གང་འདྲ་བཀལ་ཡོད་མེད་དང་བོད་མི་དེ་དག་གི་མིང་བཅས་གནས་ཚུལ་མཁོ་སྤྲོད་པས་ཤེས་རྟོགས་བྱུང་མི་འདུག གཞན་ཡང་འཇོ་མདའ་རྫོང་ཁོངས་ཀྱི་ས་གནས་ཁག་མང་པོར་དེ་ལྟ་བུའི་འདྲི་རྩད་བྱེད་ འགོ་བརྩམས་ཡོད་འདུག སྤྱིར་བཏང་ད་སྐབས་ས་ཞིང་འདེབས་ལས་བྱེད་པའི་དུས་ཚོད་མིན་ཀྱང་ད་ལོ་ས་ཞིང་མ་བཏབ་ནས་བཞག་ཡོད་པ་རྣམས་འཕྲུ་སློག་མ་བརྒྱབ་ཚེ་ལོ་གཞུག་མ་ཡང་ཕན་ཐོགས་མེད་པ་ ཆགས་ཀྱི་ཡོད་པ་ཞིག་རེད་འདུག ད་དུང་འཇོ་མདའ་རུ་བོད་མི་རྣམས་ཀྱིས་བཤས་ཚོང་བྱས་མེད་པར་བརྟེན་རྒྱ་ཡི་ལས་བྱེད་རྣམས་ཤ་ཉོ་མཁན་ཆབ་མདོ་ལ་འགྲོ་དགོས་ཆགས་བཞིན་ཡོད་འདུག་པ་དང༌། རྒྱ་མི་ཁག་ཅིག་གིས་རྟ་ཉོ་ནས་ཁྲིད་འགྲོ་བཞིན་ཡོད་འདུག་པས་བོད་མི་རྣམས་ཀྱིས་ཁོ་ཚོས་རྟ་ཤ་ཟ་ཡི་མེད་འགྲོ་བསམ་པའི་དོགས་གཞི་དང་བཅས་གལ་སྲིད་ཁོ་ཚོས་རྟ་བཤས་པ་སོགས་བྱས་ཚེ་བོད་ཀྱི་སྲོལ་རྒྱུན་དང་འགལ་ཞིང་བོད་མི་རྣམས་ལ་བརྙས་བཅོས་ཚད་མེད་བྱས་པ་ཡིན་ཚུལ་གྱི་གླེང་སློང་ཡང་འབྱུང་བཞིན་ཡོད་འདུག་པ་བཅས།སྤྱི་འཐུས་རྒྱུན་ལས་ཆབ་སྲིད་སྡེ་ཚན་ནས་དགེ་བཤེས་སྨོན་ལམ་མཐར་ཕྱིན་གྱིས་ ༢༠༠༩།༡༠།༡༩ ལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།