choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


མི་གསུམ་དམར་བསད་དང་སྤྱི་འཐུས་ཀྱི་བསྒྲགས་གཏམ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༤ལོའི་ཟླ་༨ཚེས་༡༩ཉིན་སྤེལ། འདི་ག་འབྱོར་བའི་གསར་གནས་ལ་གཞིགས་ན། དཔོན་དབང་གྲགས་ཀྱི་གཉེན་ཉེ་གསུམ་དམར་བསད་དང༌། མང་ཚོགས་ལ་ཁོང་འཛིན་བཟུང་བྱས་པའི་རྒྱུ་མཚན་ལོག་སྒྲོག་གི་སྐུལ་སློང་ཚོགས་འདུ་བསྐོང་བཞིན་འདུག ཛ་དྲག་གནས་ཚུལ་འདི་དག་གི་ཐད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ངོ་རྒོལ་བསྒྲགས་གཏམ་ཞིག་སྤེལ་འདུག་ལ། ཨ་རི་རྒྱལ་ཚོགས་འདུན་བོད་མི་ཚོས་ངོ་རྒོལ་ཡང་གནང་འགོ་བཙུགས་འདུག

ཉེ་སྔོན་ཕྱི་ཚེས་ ༡༢ ཉིན་དྲག་གནོན་འོག་རྨས་སྐྱོན་ཕོག་རྗེས། སེར་ཤུལ་རྫོང་དུ་བཙོན་འཇུག་བྱས་པའི་དཔོན་དབང་གྲགས་ཀྱི་ཨ་ཞང་ཆེ་དབང་མགོན་པོ། ལོ་ ༦༠ ཙམ། དབང་གྲགས་གྱི་སྤུན་མཆེད་ཡེ་ཤེས་ལོ་༤༢། དབང་གྲགས་ཚང་གི་མག་པ་སྦྱིན་པ་མཐའ་ཕྱིན། ལོ་༡༨ བཅས་ཁོང་གསུམ་ལ་དུས་ཐོག་སྨན་བཅོས་བྱེད་མ་བཅུག་པའི་སྟེང༌། རྡུང་རྡེག་མནར་གཅོད་བཏང་སྟེང་བསད་ཡོད་འདུག་ལ། ཁ་སང་ཕྱི་ཚེས་ ༡༨ ཉིན་ཁོང་ཚོའི་སྐུ་ཕུང་ནང་མིར་རྩིས་སྤྲད་བྱས་འདུག

ཡང་གནས་ཚུལ་གཞན་ཞིག་ལ། ཁ་སང་ཕྱི་ཚེས་ ༡༨ ཉིན་ལོ་ཕྱུག་ས་ཁུལ་དྲན་འཁོང་ཤང་གི་མི་རྣམས་ཚོགས་འདུ་བསྡུས་ཏེ་དབང་གྲགས་འཛིན་བཟུང་བྱས་དོན་ནི། རྟ་རྒྱུགས་དང༌། བསང་གསོལ་སོགས་ཀྱི་གནས་དོན་མིན་པ། ཁོས་སྤྱི་རྒྱུ་ལྐོག་ཟས་བྱས་པས་རེད་ཅེས་ཟེར་དགོས་ཞེས་གཞི་མེད་ཀྱི་དྲིལ་བསྒྲགས་ལོག་པར་བྱེད་བཅུག་འདུག་མོད། མི་ཁག་ཅིག་མ་གཏོགས་འཛོམས་རོགས་མ་བྱས་མི་འདུག་པས་དེ་རིང་ཚེས་ ༡༩ ཉིན་སྐྱར་དུ་ཚོགས་འདུ་ཡོང་དགོས་པའི་བཙན་བཀའ་གཏོང་བཞིན་ཡོད་པ་རེད་འདུག

ཛ་དྲག་གནས་ཚུལ་འདི་དག་གི་ཆེད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རྒྱ་གཞུང་ལ་ངོ་རྒོལ་གསལ་འགོད་བསྒྲགས་གཏམ་ཞིག་དེ་རིང་སྤེལ་འདུག ༼དམིགས་བསལ་ད་ལན་སྡེ་དགེ་འདན་མ་ཤུག་པ་ཡུལ་ཚོའི་སྡེ་དཔོན་དབང་གྲགས་ལགས་རྒྱུ་མཚན་ཁ་གསལ་གང་ཡང་མེད་པའི་ཐོག་འཛིན་བཟུང་བཀག་ཉར་བྱས་པ་དང༌། དེ་འབྲེལ་བདེན་རྒྱབ་དཔུང་རོགས་གནང་མཁན་ཞི་བའི་མི་མང་ཁྲོད་དེང་རབས་ཀྱི་མཚོན་ཆ་བེད་སྤྱོད་བཏང་སྟེ་མི་སྤྱོད་ལས་འདས་པའི་དྲག་གནོན་གྱིས་བོད་མི་མང་པོར་ཆེས་ཚབས་ཆེའི་རྨས་སྐྱོན་བཟོས་པའི་མ་ཚད། འཛིན་བཟུང་བཀག་བསྐྱིལ་འོག་མནར་གཅོད་ཚད་མེད་བཏང་སྟེ་དམར་གསོད་བཏང་ཡོད་པ་དང༌། རྨས་མར་སྨན་བཅོས་དུས་ཐོག་མ་སྤྲད་པར་འདས་གྲོངས་སུ་གྱུར་པ་སོགས་ཆེས་ཐབས་སྐྱོའི་རང་བཞིན་གྱི་གནས་སྟངས་ངང་ལྷུང་དགོས་ཐུག་པར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཡུལ་སྡེ་ནང་མི་ལྟོས་བཅས་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་དང་ཆབས་ཅིག་དེ་དག་གི་ངན་ཁག་ཡོངས་རྫོགས་རྒྱ་གཞུང་ནས་ཁུར་དགོས་པའི་དྲན་སྐུལ་ནན་པོ་བྱེད་རྒྱུ་ཡིན།

ད་ལན་རྒྱུ་རྐྱེན་ཁ་གསལ་གང་ཡང་མེད་པའི་ཐོག་རྒྱ་གཞུང་གིས་ཉེས་མེད་བོད་མི་འཛིན་བཟུང་བྱས་པ་རྣམས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པ་དང༌། རྨས་སྐྱོན་བཏང་བ་རྣམས་ལ་སྨན་བཅོས་ཀྱི་མཐུན་རྐྱེན་ཚད་ལྡན་སྤྲོད་དགོས། དུས་མིན་རྐྱེན་འདས་སུ་བཏང་བའི་ནང་མིར་གུན་གསབ་དང་འབྲེལ་རྒྱ་གཞུང་གི་དཔོན་རིགས་ཚོས་ཤུག་པ་སྡེ་པའི་རྒྱ་ཆེའི་མང་ཚོགས་རྣམས་ལ་དགོངས་དག་ཐུགས་བདེན་ཞུ་དགོས། ད་སྐབས་རྒྱ་གཞུང་གི་དཔོན་རིགས་ཚོས་ལྐོག་ཟ་རུལ་སུངས་རྩ་མེད་བཟོས་ཏེ་རྒྱ་ཆེའི་མང་ཚོགས་ཀྱི་ཁེ་ཕན་བསྒྲུབ་རྒྱུ་ཡིན་སྐོར་བཤད་བཞིན་ཡོད་པ་ལྟར་དོན་མེད་མི་སེར་ལ་དྲག་གནོན་དང༌། ཆབ་སྲིད་ཀྱི་ཁེ་དབང་གང་ཡང་མེད་པ་བཟོས་དང་བཟོ་བཞིན་པ་འདི་རྣམས་ནི་ལྐོག་ཟ་རུལ་སུངས་ལས་ཀྱང་ཆེས་ཉེན་ཚབས་ཆེ་བར་ངོས་ཟིན་པའི་ཐོག་འདི་རིགས་ངེས་པར་དུ་མཚམས་འཇོག་བྱ་དགོས།༽ཞེས་དང༌།

༼ རྒྱལ་སྤྱིའི་འགྲོ་བ་མི་ཡི་ཐོབ་ཐང་སྡེ་ཚན་གཙོས་ཞི་བདེ་དང་དྲང་བདེན་ལ་དགའ་བའི་གཞུང་དང་གྲོས་ཚོགས། སྤྱི་སྒེར་ཚོགས་སྡེ་ཡོངས་ནས་བདེན་རྒྱབ་དཔུང་རོགས་དང་འབྲེལ་རྒྱ་གཞུང་གིས་བོད་མིར་དྲག་གནོན་བྱས་དང་བྱེད་བཞིན་པའི་ཆེས་ཛ་དྲག་གི་གནས་སྟངས་འདི་རྣམས་ལ་བདག་སྐྱོང་གནང་སྟེ་འཕྲལ་དུ་མཚམས་འཇོག་ཡོང་ཐབས་ཀྱི་ཐུགས་འགན་ཆེ་བཞེས་དང༌། བོད་ནང་གི་དངོས་ཡོད་གནས་ཚུལ་མཁྱེན་རྟོགས་ཆེད་གསར་འགོད་པ་དང༌། རྟོག་ཞིབ་ཚོགས་པ་སོགས་བོད་ནང་འཕྲལ་གཏོང་ཡོང་ཐབས་ཀྱི་ཐུགས་ཁུར་ཆེ་བཞེས་ཡོང་བ་ཞུ་རྒྱུ་༽ཞེས་འཁོད་ཡོད་པ་རེད།

དེ་བཞིན་གོང་གསལ་འདན་མའི་ཛ་དྲག་གནས་དོན་ཆེད་ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ། བོད་མི་མང་པོ་ཞིས་གིས། རྒྱ་གཞུང་གི་བྱ་སྤྱོད་ལ་ངོ་རྒོལ་དང༌། རྒྱལ་ཚོགས་ཀྱིས་ཛ་དྲག་གནས་ཚུལ་འདིག་དག་འགན་ཁུར་ཡོང་བའི་སྐད་འབོད་གནང་བཞིན་ཡོད་པ་རེད། སྐད་འབོད་ངོ་རྒོལ་འདི་ཕྱི་ཚེས་༡༨ ནས་འགོ་འཛུགས་ཐོག་ཉིན་གསུམ་རིང་ཡིན་འདུག་ལ། དེ་རྗེས་ཆུ་ཚོད་ ༢༤ རིང་ཟས་བཅད་ངོ་རྒོལ་གནང་འཆར་ཡོད་འདུག


Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།