བཙོན་པས་རང་ཤི་རྒྱག་པ་དང་འདས་གྲོངས་འགྲོ་བཞིན་པ།

 པར་འདེབས།

༢༠༡༤ལོའི་ཟླ་༨ཚེས་༡༨ཉིན་སྤེལ། འདི་ག་གསར་ཁང་དུ་འབྱོར་བའི་གནས་ཚུལ་ལ་གཞིགས་ན། ཟླ་འདིའི་ཚེས་༡༧ཉིན་རྒྱ་གཞུང་གི་མནར་གཅོད་ལ་ངོ་རྒོལ་ཆེད་བློ་དཔལ་བཟང་གིས་རང་ཤི་བརྒྱབ་ཡོད་འདུག་ལ། སྐྱེས་པ་རང་ལོ་ཉི་རྩ་གཉིས་བྱས་པ་ཞིག་ཀྱང་འདས་གྲོངས་ཕྱིན་པའི་གནས་ཚུལ་ཐོན་འདུག

དེ་ཡང་འཆམ་ར་དྲི་མེད་རྒྱལ་མཚན་ལགས་ཀྱིས་འདི་གར་གསུངས་དོན། "ཟླ་བ་འདིའི་ཕྱི་ཚེས་ ༡༧ ཉིན་འདི་གར་གནས་ཚུལ་འབྱོར་གསལ་ལྟར་ན། དེ་རིང་ཕྱི་ཚེས་ ༡༧ ཉིན་འདན་མ་རུ་ཉེ་ཆར་དྲག་གནོན་བྱས་པའི་ཁྲོད་རྨས་སྐྱོན་ཐེབས་པ་དང༌། དེ་ནས་འཇུ་བཟུང་བྱས་ཏེ་བཀག་བསྐྱིལ་བྱས་ཡོད་པའི་ཤུག་པ་སྡེ་བའི་སྐྱེས་པ་བློ་དཔལ་བཟང་གིས་རྒྱ་གཞུང་གི་གནར་གཅོད་ལ་ངོ་རྒོལ་ཆེད་བཀག་བསྐྱིལ་ཁང་དུ་རང་ཤི་བརྒྱབ་འདུག་པ་དང་ དེ་བཞིན་ཉིན་འདིར་ཉེ་ཆར་དྲག་གནོད་ཁྲོད་རྨས་མར་གྱུར་པའི་རང་ལོ་ ༢༢ ཅན་གྱི་སྐྱེས་པ་ཞིག་ཀྱང་འདས་གྲོངས་ཕྱིན་འདུག" ཅེས་གསུངས་སོང༌།

"སྤྱིར་བཏང་ཤུག་པ་སྡེ་པའི་ནང་མི་གྲངས་ ༧༠༠ ཙམ་ཡོད་པ་ལས་སྐྱེས་པ་ལོ་ན་༡༢ ཡན་ཆད་ནས། རྒན་ཁོག་ལོ་རྒན་མན་ཆད་ཆ་ཚང་ཁ་སང་འཇུ་བཟུང་བྱས་ཏེ་ལོ་ཕྱུག་ཏུ་བཀག་བསྐྱིལ་བྱས་ཟིན་འདུག དེའི་ནང་ཤུག་པ་མེ་རུ་དགོན་པའི་སྒྲུབ་དཔོན་ཀརྨ་རིན་ཆེན་སོགས་ཀྱང་བཅུག་ཟིན་ཡོད་པ་རེད། བཀག་བསྐྱིལ་བྱས་པ་རྣམས་དང་པོ་ལོ་ཕྱུག་གི་བཙོན་ཁང་དུ་བཅུག་པ་དང༌། དེའི་ནང་མ་ཤོང་པ་རྣམས་སྨན་ཁང་གསར་པའི་ནང་བཀག་ཉར་བྱས་ཡོད་འདུག" ཅེས་གསུངས་སོང༌།

ཡང་ཁོང་གིས་སྡེ་དགེ་དྲ་བར་www.dhege.orgམུ་མཐུད་བཀོད་དོན། "ད་ལྟ་ཤུག་པ་གྲོང་སྡེ་རུ་རྒན་རྒོན་འགའ་ཤས་དང༌། བྱིས་པ་ཁ་ཤས་ཤིག་ངུ་འབོད་བྱེད་བཞིན་ལྷག་ཡོད་པ་ལས་གྲོང་སྡེ་ཡོངས་སྟོང་སེང་སེང་གྱུར་ཡོད་འདུག"

"ཁ་སྔོན་ཕྱི་ཚེས་ ༡༢ ནས་འཛིན་བཟུང་བྱས་པའི་བོད་ ༢༥ ཡི་མཚན་ཐོ་འབྱོར་བ། ༡་བློ་དཔལ་བཟང༌། ༢་པདྨ་རྒྱལ་ལོ། ༣་ཡོན་ཏན་སྐྱབས། ༤་བཀྲ་དགའ། ༥་ཀུན་དགའ་བསྟན་འཛིན། ༦་ཟླ་བ་བཀྲ་ཤིས། ༧་ཀརྨ་བཀྲ་ཤིས། ༨་བཀྲ་ཤིས་མགོན་པོ། ༩་ཀུན་དགའ་ཤེས་རབ། ༡༠་ཡེ་ཤེས། ༡༡་འཇམ་དབྱངས་བསོད་ནམས། ༡༢་བཀྲ་ཤིས། ༡༣་ཚེ་རིང༌། ༡༤་རྒྱ་ལུག ༡༥་ཐུབ་བསྟན་ཆོས་འཕེལ། ༡༦་བླ་སྐྱབས། ༡༧་དབང་ཆེན། ༡༨་བུ་མོ། ༡༩་མཚོ་རྒྱལ། ༢༠་སྦུ་རྒྱལ། ༢༡་དབྱངས་ཅན་ལྷ་མོ། ༢༢་ཚེ་སྐྱབས་དབང་མོ། ༢༣་ཡེ་ཤེས་སྒྲོན་མ། ༢༤་དབྱངས་ཅན་དཔལ་མོ། ༢༥་ཀརྨ་རིན་ཆེན་བཅས་འདི་དག་ཕལ་ཆེ་བ་ཉེ་ཆར་དྲག་གནོད་ཁྲོད་རྨས་སྐྱོན་ཐེབས་པ་རྣམས་ཡིན་པ་དང༌། རྨས་མ་རྣམས་དང་པོ་སྐྱེ་དགུ་སོགས་སྨན་ཁང་ནང་ཁྱེར་ནས་སྨན་བཅོས་བྱས་ཡོད་ནའང༌། དེ་རྗེས་ཚང་མ་ཕྱིར་འདན་མ་རུ་ཁྲིད་ནས་ད་ལྟ་སྨན་བཅོས་ཀྱི་གོ་སྐབས་འཕྲོགས་ཏེ་བཀག་བསྐྱིལ་བྱས་འདུག" ཅེས་འཁོད་གནང་འདུག

"དེ་བཞིན་དཔོན་དབང་དྲག་གི་བུ་ཀུན་དགའ་ཤེས་རབ་སོགས་ཁག་ཅིག་གི་མདེལ་མགོའང་ཕྱིར་བཏོན་རོགས་མ་བྱས་པ་བཞག་འདུག་པས། དཔོན་གྱི་བུ་ད་ལྟ་ཛ་དྲག་གནས་སུ་ལྷུང་ཡོད་པ་རེད། བཀག་ཉར་བྱས་པ་རྣམས་ལ་ཕྱི་ཕྱོགས་ནས་སུས་ཀྱང་འབྲེལ་བཏུག་མི་ཆོག་པ་དང༌། རྨས་མ་རྣམས་ལ་ནད་གཡོག་དང་སྨན་བཅོས་ཀྱི་མཐུན་རྐྱེན་མེད་པ་བཀག་བསྐྱིལ་བྱས་ཡོད་པ་རེད་འདུག ཅེས་འགྲེལ་བརྗོད་གནང་སོང་བ་བཅས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།



བརྗོད་གཞི་གཞན་ཁག་ལ་གཟིགས།