རྡུང་རྡེག་ཚ་ནན་བཏང་སྟེ་ཉེས་ཅན་ཟིལ་གྱིས་གནོན་དགོས་ཟེར།

 པར་འདེབས།

༢༠༡༤།༠༧།༣༡ཉིན་སྤེལ། འདི་ཟླའི་ཕྱི་ཚེས་༢༨ཉིན་བོད་རང་སྐྱོང་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་བརྟན་ལྷིང་ སྲུང་སྐྱོང་ཚོགས་འདུ་འཚོགས་ཡོད་འདུག   

གོང་ཚེས་ཉིན་ཧྲུའུ་ཅི་མོང་ཅན་ཀྲུའུ་ཡིས་བོད་དུ་རྟོག་ཞིབ་གནང་བའི་ལས་དོན་སྐོར་ལ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆེན་གོས་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ཚོགས་འདུར་ཕེབས་ནས་དོན་ཚན་བཅུ་ཞིག་བརྗོད་འདུག་པ་གཤམ་གསལ།

གཅིག་ནས་སྔར་ལས་ལྷག་པའི་ངང་དོགས་ཟོན་ཆེར་བསྐྱེད་དང་ཉེན་བརྡ་རྒྱུན་སྒྲོག་བྱེད་དགོས། ཐོག་མཐའ་བར་གསུམ་དུ་དོགས་ཟོན་ཆེར་བསྐྱེད་དང་རིག་པ་དྭངས་གསལ་ཡོང་རྒྱུ་མཐའ་འཁྱོངས་བྱེད་པ་དང༌། དུས་དང་རྣམ་པ་ཀུན་ཏུ་དོགས་ཟོན་དང་ཉེན་བརྡ་རྒྱུན་སྒྲོག་བྱེད་པ། མིག་སྔའི་བརྟན་ལྷིང་སྲུང་སྐྱོང་གི་ཛ་དྲག་དུས་བབ་གསལ་པོ་ཤེས་པ་བྱེད་པ། ཆབ་སྲིད་ཀྱི་འདུ་ཤེས་དང་། སྲིད་དབང་གི་འདུ་ཤེས། ཁྱོན་ཡོངས་ཀྱི་འདུ་ཤེས། སེམས་ཁྲལ་གྱི་འདུ་ཤེས། འགན་འཁྲིའི་འདུ་ཤེས་བཅས་ཆེ་རུ་གཏོང་བ། སྔ་བར་ཕྱི་གསུམ་དུ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩི་བ། བརྟན་ལྷིང་ནི་ཐམས་ཅད་ལས་ལྷག་པའི་བསམ་བློ་རྒྱུན་འཁྱོངས་བྱེད་པ། བརྟན་ལྷིང་སྲུང་སྐྱོང་གི་རྩ་བ་དེ་དམ་པོར་འཛིན་པ་བཅས་ཀྱི་ཐོག་ནས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཏན་ཏིག་བསྒྲུབ་པ་དང་བོད་ཀྱི་སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས་པ་དང༌།

གཉིས་ནས་སྔར་ལས་ལྷག་པའི་ངང་འགན་འཁྲི་འཁུར་ཕོད་པ་དང་རང་འགུལ་ངང་ལས་དོན་སྤེལ་ཐུབ་པ་བྱེད་དགོས། བོད་ལྗོངས་ཞི་མཐུན་བརྟན་ལྷིང་དང་རྒྱལ་ཁབ་ཡུན་རིང་བདེ་འཁོད་ཡོང་བ་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་དང་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང༌། འགན་འཁྲི་འཁུར་ཕོད་པ་དང༌། རང་འགུལ་ངང་ལས་དོན་སྒྲུབ་པ། རང་འགུལ་ངང་ཕར་རྒོལ་བྱེད་པ་བཅས་མཐའ་འཁྱོངས་བྱེད་པ། སྔ་ཙམ་དམ་འཛིན་དང༌། ཆུང་ཙག་ནས་དམ་འཛིན། དམ་འཛིན་མགྱོགས་པོ། དམ་འཛིན་ཡག་པོ་བཅས་བྱེད་པ། སྔོན་ཚུད་ནས་འཆར་གཞི་ཡག་པོ་འགོད་པ་དང་རང་འགུལ་དམག་འཐབ་ཡག་པོ་རྒྱག་པ་བཅས་ཀྱི་ཐོག་ནས་དུས་ཐོག་དང་ཁྲིམས་ལྟར་ཁྲིམས་འགལ་ཉེས་སོག་བྱེད་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ཚ་ནན་བཏང་སྟེ་ཉེས་ཅན་པ་ཟིལ་གྱིས་གནོན་ཐུབ་པ་བྱེད་དགོས་པ།

གསུམ་ནས་སྔར་ལས་ལྷག་པའི་ངང་འགག་རྩར་དམ་འཛིན་དང་འགན་ལེན་བྱ་ཤུགས་ཆེ་རུ་གཏོང་ཐུབ་པ་བྱེད་དགོས། དགོན་སྡེ་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱེད་པ་དང༌།གཞི་རིམ་གྱི་རྨང་གཞི་བརྟན་དུ་བཏང་ནས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ་དེ་བོད་ཀྱི་ལས་དོན་ལེགས་པར་སྒྲུབ་པའི་འགག་རྩའི་ལྷུ་ཚིགས་ཤིག་ཏུ་བརྩི་བ་དང༌། ཁྱབ་ཁོངས་ཁག་གི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། ཏང་རྩ་འཛུགས་དང་ཏང་གི་ལས་དོན་སྒྲུབ་ཁྱོན་ཆེ་རུ་ཧུར་ཐག་གཏོང་བ་བཅས་ཀྱི་ཐོག་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཆེད་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་བྱེད་པ་དང་ཏང་གིས་བོད་དུ་འཛིན་པའི་སྲིད་འཛིན་རྨང་གཞི་བརྟན་དུ་གཏོང་དགོས་པ།

བཞི་ནས་སྔར་ལས་ལྷག་པའི་ངང་ལམ་སྲོལ་གསར་གཏོད་བཅོས་སྒྲིག་དང་འཐུས་ཚང་དུ་གཏོང་དགོས། ཏང་སྲིད་དམག་ཉེན་དམངས་ཀྱི་མཐུན་སྦྱོར་མཉམ་འགུལ་ལམ་སྲོལ་དང༌། དྲ་མིག་ཅན་གྱི་དོ་དམ་ལམ་སྲོལ།“མཐའ་མཚམས་གཉིས་དང་ལམ་ཐིག་གཅིག”གི་དོ་དམ་ཚོད་འཛིན་ལམ་སྲོལ། ཕྱོགས་མིའི་དོ་དམ་ལམ་སྲོལ། གསར་དར་སྨྱན་སྦྱོར་སྡེ་ཚན་གྱི་དོ་དམ་ལམ་སྲོལ། འཕྲལ་སྡོམ་ཐག་གཅོད་ལམ་སྲོལ་སོགས་སྤྱོད་གོ་ཆོད་པའི་ལས་ཀའི་བྱ་ཐབས་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ་ཕུགས་ཕན་ལམ་སྲོལ་ཆགས་པ་བྱས་ནས་ལས་ཀའི་ཆུ་ཚད་མཐོ་རུ་གཏོང་དགོས་པ།

ལྔ་ནས་སྔར་ལས་ལྷག་པའི་ངང་ཕྱོགས་བསྡུས་ཇུས་འདོན་དང་རྨང་གཞི་བརྟན་དུ་གཏོང་དགོས། ཐབས་མང་མཉམ་སྤྱོད་དང༌། ཕྱོགས་བསྡུས་བཅོས་སྐྱོང༌། འཇམ་རྩུབ་ཟུང་འབྲེལ། དམ་ལྷོད་ཟུང་འབྲེལ་བཅས་བྱེད་པ་སྟེ། དམངས་ཕན་བྱ་བ་མང་ཙམ་བསྒྲུབས་ནས་དམངས་སེམས་ཐོབ་པ་བྱེད་དགོས་ལ་གཞི་རིམ་འཛུགས་སྐྲུན་ལ་དམ་འཛིན་དང་རྩ་སྲ་རྨང་བརྟན་ཡོང་བའང་བྱེད་དགོས། དམངས་འཚོ་འགན་ལེན་དང་ལེགས་སུ་ཏན་ཏིག་བཏང་སྟེ་གྲོང་གསེབ་ལས་ཀའི་རྨང་གཞི་བརྟན་དུ་གཏོང་བ་དང༌། མི་རིགས་མཐུན་སྒྲིལ་བརྟན་དུ་དང་འཕེལ་རྒྱས་གཏོང་བ། སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་འགལ་ཟླ་དང་། ནད་དོན་གཞི་རིམ་དུ་མཐའ་གཅིག་ཏུ་སེལ་བ་དང་ཐོན་མ་ཐག་ནས་མེད་པ་ཐག་གཅོད་བྱེད་དགོས་པ།

དྲུག་ནས་སྔར་ལས་ལྷག་པའི་ངང་མང་ཚོགས་སྐུལ་སློང་དང་མཉམ་འགོག་མཉམ་བཅོས་ཐུབ་པ་བྱེད་དགོས། མང་ཚོགས་དང་འབྲེལ་གཏུག་དང༌། མང་ཚོགས་ལ་བརྟེན་པ།མང་ཚོགས་སྐུལ་སློང༌། མང་ཚོགས་སྒྲིག་འཛུགས་བཅས་མཐའ་འཁྱོངས་བྱས་ནས་བརྟན་ལྷིང་ཞི་མཐུན་སྲུང་སྐྱོང་བྱེད་པའི་མི་རིགས་ཁག་གི་མང་ཚོགས་ཚོའི་ཧུར་བརྩོན་རང་བཞིན་དང༌། རང་འགུལ་རང་བཞིན།གསར་གཏོད་རང་བཞིན་བཅས་སྐོང་འཐེན་གང་ལེགས་བྱེད་དགོས། ཕྱོགས་གཅིག་ནས་དུད་སྦྲེལ་འགན་འཁྲི་མཉམ་འཁུར་གྱིས་དུས་བདེ་སྲུང་སྐྱོང་གི་ལམ་ལུགས་ལག་བསྟར་དང“སྔོན་ཐོན་གཉིས་ལྡན་དུད་སྦྲེལ”གྱི་གཏོད་འདེམས་བྱེད་སྒོ་གཏིང་ཟབ་སྤེལ་དགོས་པ་དང༌། ཕྱོགས་གཞན་ཞིག་ནས་མཉམ་འགོག་མཉམ་བཅོས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་རྣམ་པ་བཏོད་དེ་མི་ཚང་མས་དོ་ཁུར་བྱེད་པ་དང༌། མི་ཚང་མ་ཞུགས་པ། མི་ཚང་མས་རྒྱབ་སྐྱོར་བྱེད་པ་བཅས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་ལས་ཀའི་གསོན་ཉམས་དོད་པའི་རྣམ་པ་ཞིག་ཆགས་པ་བྱེད་དགོས་པ་དང༌། བརྟན་ལྷིང་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཁྲིམས་ཀྱི་དྲ་རྒྱ་ཞིག་སྐྲུན་དགོས་པ།

བདུན་ནས་སྔར་ལས་ལྷག་པའི་ངང་དམངས་དོན་དུ་ཁྲིམས་ལག་བསྟར་དང་དམངས་ཆེད་ཁྲིམས་འཛིན་ཐུབ་པ་བྱེད་དགོས། མི་དམངས་ཀྱི་ཁེ་ཕན་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་དང༌། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང༌།བཅའ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང༌། འདྲ་མཉམ་དྲང་བདེན་སྲུང་སྐྱོང༌། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བཅས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་བཅའ་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡོང་བ་བྱེད་པ་དང༌། མི་རིགས་ཁག་གི་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་བཟོ་བའི་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་བ། མི་རིགས་ཁག་གི་མི་མངས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ།“གཏན་ནས་བྱེད་མི་ཆོག་པ་བཞི”ལག་ལེན་བསྟར་ཐུབ་པ་བཅས་བྱས་ནས་གྱོད་གཞི་རེ་རེ་དང་ཁྲིམས་འཛིན་ལྷུ་ཚིགས་རེ་རེའི་ཐོག་ནས་ཁྲིམས་འཛིན་ནན་པོ་དང་ཁྲིམས་འཛིན་དྲང་བཞག་ཡོང་ལུགས་མངོན་པར་བྱེད་དགོས་པ།

བརྒྱད་ནས་སྔར་ལས་ལྷག་པའི་ངང་དཔུང་ཁག་སྟོབས་ཆེ་རུ་དང་བྱང་ཚད་མཐོ་རུ་གཏོང་དགོས། སློབ་གསོར་ཤུགས་སྣོན་བརྒྱབ་ནས་རིམ་ཁག་སྲིད་ཁྲིམས་སྡེ་ཚན་གྱིས་ཐོག་མཐའ་བར་གསུམ་དུ་ཏང་དང༌། མེས་རྒྱལ། མི་དམངས། བཅའ་ཁྲིམས་བཅས་ལ་བློ་དཀར་སེམས་དཀར་བྱེད་པའི་ཆབ་སྲིད་ཀྱི་ངོ་བོ་མཐའ་འཁྱོངས་བྱེད་པ་དང༌། ཐོག་མཐའ་བར་གསུམ་དུ་བསམ་བློ་དང༌། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་པ་དང༌། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གལ་ཆེའི་རྩ་དོན་ཐད་དར་ཆ་གསལ་སྟོན་དང་ལངས་ཕྱོགས་བརྟན་པོ་ཡོང་བ་བྱེད་དགོས། ལས་བྱེད་ཉེན་རྟོག་པར་སེམས་ཁུར་གཅེས་སྐྱོང་དང་ཁོང་ཚོའི་ཐོབ་ཐང་ལེགས་སུ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་སྲིད་ཁྲིམས་ལས་བྱེད་པ་དང་ཉེན་རྟོག་པར་ཆབ་སྲིད་ཐད་ནས་སེམས་ཁུར་དང༌། ལས་ཀའི་ཐད་ནས་གཅེས་སྐྱོང༌། འཚོ་བའི་ཐད་ནས་བསམ་ཤེས་བཅས་བྱེད་དགོས། ལས་བྱེད་པ་དང་ཉེན་རྟོག་པར་དོ་དམ་ནན་པོ་དང་བཅོས་སྐྱོང་ནན་པོ་མཐའ་འཁྱོངས་ཀྱིས་ནང་ཞུགས་འགག་སྒོ་དང༌། གསོ་སྦྱོང་འགག་སྒོ་ལས་ཐོག་འགག་སྒོ་ལྟ་སྐུལ་འགག་སྒོ་ཕྱིར་སྐྱོད་འགག་སྒོ་བཅས་ནན་པོ་སྲུང་དགོས། བྱང་ཚད་མཐོ་རུ་བཏང་སྟེ་ཏང་ལ་ལྷག་བསམ་རྣམ་དག་དང༌། བྱང་ཚད་ལེགས་པ། རྒྱལ་ཁ་ལེན་ཐུབ་པ་བཅས་ཀྱི་སྲིད་ཁྲིམས་དཔུང་ཁག་ཅིག་འཛུགས་སྐྱོང་བྱེད་དགོས་པ།

དགུ་ནས་སྔར་ལས་ལྷག་པའི་ངང་འགོ་ཁྲིད་ལ་ཤུགས་སྣོན་དང་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་དགོས། རིམ་ཁག་ཏང་ཨུད་སྲིད་གཞུང་དང་རིམ་ཁག་སྡེ་ཚན་ཁག་གིས་ཚད་མཐོའི་མཐོང་ཆེན་དང་སྤྱིའི་འགན་འཁྲི་འཁུར་བ་དང་འགན་ཁུར་བློ་མཐུན་ངོ་མས་དམ་འཛིན་བྱེད་དགོས་པ་དང༌། རིམ་ཁག་བརྟན་ལྷིང་སྲུང་སྐྱོང་ཚན་ཁག་གིས་སེམས་ནུས་གཅིག་སྒྲིལ་དང་ཆེད་འགན་ཆེད་འཁུར་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་བྱ་ཐབས་ཁག་དོན་འཁྱོལ་ཐུབ་པ་བྱེད་དགོས་པ། རིམ་ཁག་སྡེ་ཚན་ཁག་གིས་འགན་འཁྲི་གཙང་སྒྲུབ་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་བོད་ཀྱི་བརྟན་ལྷིང་སྲུང་སྐྱོང་ཐད་མི་ཚང་མར་འགན་འཁྲི་ཡོད་པའི་བསམ་བློ་ཤུགས་ཆེར་གཏོང་དགོས་པ། རིམ་ཁག་གཞི་རིམ་རྩ་འཛུགས་ཀྱིས་འགན་འཁྲི་འཁུར་སེམས་དང་འཐབ་ནུས་ཆེ་རུ་བཏང་སྟེ་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ། ལྟ་ཞིབ་ལས་དོན་དོན་འཁྱོལ་ཐུབ་པ་བྱས་ཏེ་སྒྲིག་ཁྲིམས་ནན་པོར་བརྟེན་ནས་ཏང་ཀྲུང་དབྱང་གི་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཀྱི་བླང་བྱ་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་དངོས་ཐོན་པ་བྱེད་དགོས་པ།

བཅུ་ནས་སྔར་ལས་ལྷག་པའི་ངང་དམིགས་ཚད་གཏན་འཁེལ་དང་བརྟན་ལྷིང་འགན་ལེན་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི“བོད་ལྗོངས་རྒྱུན་མཐུད་བརྟན་ལྷིང་དང༌། ཡུན་རིང་བརྟན་ལྷིང༌། ཁྱོན་ཡོངས་ནས་བརྟན་ལྷིང་བཅས་མངོན་འགྱུར་ཧུར་ཐག་བྱེད་དགོས་པའི”གལ་ཆེའི་མཛུབ་སྟོན་དོན་འཁྱོལ་དང་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་དང་ཧྲུའུ་ཅི་མོང་ཅན་ཀྲུའུ་ཡི་མཛུབ་སྟོན་གྱི་དགོངས་དོན་དོན་འཁྱོལ་བྱས་ཏེ་དོགས་ཟོན་ཆེར་བསྐྱེད་དང༌། ཉེན་བརྡ་རྒྱུན་སྒྲོག་དམ་འཛིན་ལྷོད་མེད། ཕྱོགས་བསྡུས་སྲིད་ཇུས་སྤྱོད་པ་བཅས་ཀྱི་ཐོག་ནས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་དགོས་པ་བཅས་རེད།

ཧྲུའུ་ཅི་མོང་ཅན་ཀྲུའུ་ཡིས་བོད་དུ་རྟོག་ཞིབ་གནང་བའི་ལས་དོན་སྐོར་ལ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆེན་གོ་ཡིས་དོན་ཚན་བཅུའི་སྒང་ནས་གོང་འཁོད་བཞིན་བརྗོད་ཡོད་པར་འདུག་པའི་གནས་ཚུལ་ལག་སོན་བྱུང་སོང་།

ཟླ་བ་ཕུར་བུས་བསྡུ་བསྒྲིགས་བྱས།


Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།



བརྗོད་གཞི་གཞན་ཁག་ལ་གཟིགས།