choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


འབྲི་རུ་རྫོང་ནི་དམར་ཤོག་སློབ་གསོ་ལག་བསྟར་ས་ཁུལ་བྱས་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༤།༠༧།༢༩ཉིན་སྤེལ། ད་ལྟའི་ཆར་འབྲི་རུ་རྫོང་ནི་རྒྱ་གཞུང་གིས་དམ་དྲག་བཀག་སྡོམ་བྱ་ཁུལ་གཙོ་བོ་ ཞིག་ཏུ་གྱུར་ཡོད་ལ།  ཐ་ན་མང་ཚོགས་ཀྱི་མི་སེར་ཐོབ་ཐང་ལག་ཁྱེར་བཙན་འཕྲོག་བྱས་ཏེ་ས་ཁུལ་གཞན་དུ་ འགྲོ་བསྐྱོད་བདེ་པོ་མེད་པའི་གནས་ཚུལ་འདུག

འབྲི་རུ་རྫོང་གིས་དམ་དྲག་ཡིག་ཆ་བཀྲམས་ཏེ་མང་ཚོགས་ཀྱི་ཆོས་དད་དང་འགྲོ་བསྐྱོད་རང་དབང་ལ་བཀག་སྡོམ་བྱས་འདུག 

ཕྱི་ལོ་ ༢༠༡༣ ལོར་བོད་རང་སྐྱོང་ལྗོངས་ཟེར་བས་འབྲི་རུ་རྫོང་ནི་དམར་ཤོག་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་བསྟར་ཚོད་ལྟའི་ས་ཁུལ་དུ་བཟུང་སྟེ།  དམག་མི་དང་ལས་དོན་རུ་ཁག་མང་པོ་འགྲེམས་འཇོག་གིས་ཆབ་སྲིད་ལས་འགུལ་སྣ་ཚོགས་སྤེལ་ཐོག  ས་གནས་བོད་མི་མང་པོ་འཇུ་བཟུང་བཀག་བསྐྱིལ་དང་བཙོན་འཇུག་ཁྲིམས་ཆད་བཅད་དེ་དམ་དྲག་ཤུགས་ཆེན་བྱས་ཡོད་པ་མ་ཟད། འདི་ལོའི་ཕྱི་ཟླ་ ༦ པའི་ནང་འབྲི་རུ་རྫོང་མི་དམངས་སྲིད་གཞུང་གིས་༼གཏན་འབེབས་ཁག་གཉིས་༽ཀྱི་དྲིལ་བསྒྲགས་ལག་དེབ་ཞིག་འགྲེམས་བསྒྲགས་བྱས་ཏེ།  ས་གནས་བོད་རིགས་མང་ཚོགས་ཀྱི་ཆོས་ལུགས་དད་མོས་རང་དབང་དང་འགྲོ་བསྐྱོད་རང་དབང་ལ་སྔར་བའི་བཀག་སྡོམ་བྱེད་ཤུགས་ཆེ་རུ་བཏང་འདུག

འབྲི་རུ་རྫོང་ས་གནས་དམར་ཤོག་སྲིད་གཞུང་གིས་ཉེ་ཆར་འགྲེམས་བསྒྲགས་བྱས་པའི་དམ་དྲག་ཡིག་ཆ་དེའི་ནང་། བོད་མིའི་ཆོས་ལུགས་དད་མོས་དང་འགྲོ་བསྐྱོད་རང་དབང་ལ་བཀག་སྡོམ་བྱེད་ཕྱོགས་ཐད།  གཅིག རྒྱལ་མཚམས་བརྒལ་ཏེ་༼སྨོན་ལམ་ཆེན་མོ༽སོགས་ཆོས་ལུགས་བྱེད་སྒོར་འཛུལ་ཞུགས་བྱེད་པ། གཉིས། བོད་རང་སྐྱོང་ལྗོངས་ཀྱི་མངའ་ཁོངས་བརྒལ་ཏེ་བོད་ཀྱི་ས་ཁུལ་གཞན་པའི་ནང་ཆོས་ལུགས་བྱེད་སྒོར་འཛུལ་ཞུགས་དང་ཆོས་སློབ་སྦྱོང་དུ་བསྐྱོད་པ།  གསུམ། ༧གོང་ས་མཆོག་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་བསྟོད་བསྔགས་དང་། དྲ་ལམ་ཁག་ཏུ་བོད་དང་འབྲེལ་བའི་གནས་ཚུལ་བརྒྱུད་སྒྲོག་བྱེད་པ་བཅས་ཁག་གསུམ་དུ་བགར་ནས།  རྡུང་རྡེག་ཚ་ནན་གཏོང་དགོས་པའི་སྐོར་གཏན་འབེབས་བྱས་ཡོད་པ་མ་ཟད།  ཆོས་ལུགས་བྱེད་སྒོར་མཉམ་ཞུགས་བྱེད་མཁན་རྣམས་ལའང་། གྲྭ་བཙུན་དང་དད་ལྡན་མང་ཚོགས། གཞུང་ཞབས་ལས་བྱེད་བཅས་མི་སྣ་རིགས་གསུམ་དུ་བགར་ཏེ་ཁྲིམས་གཅོད་གཏན་འབེབས་བྱས་ཡོད་པ་རེད།

དོན་ཚན་དང་པོ་ནི། རྒྱུ་རྐྱེན་གང་རུང་ལ་ཁ་གཡར་བའམ། ཐབས་ལམ་དང་བྱ་ཐབས་གཞན་པའི་ཐོག་ནས་རྒྱལ་མཚམས་བརྒལ་ཏེ་༼སྨོན་ལམ་ཆེན་མོའི༽བྱེད་སྒོར་ཞུགས་མཁན་དང་།  དེར་ཞུགས་པར་རོགས་རམ་དང་སྐུལ་མ་བྱེད་མཁན་ཚང་མར་འབྲེལ་ཡོད་ཁྲིམས་ལུགས་ཀྱི་འགན་འཁྲི་རྩད་གཅོད་ཀྱིས་ཁྲིམས་ལ་སྦྱོར་རྒྱུ་མ་ཟད།   མི་སྒེར་དང་ཕ་མ། བཟའ་ཟླ། བུ་ཕྲུག་བཅས་ལ་དུས་ཡུན་ལོ་ ༣ ནས་ ༥ བར་དབྱར་རྩྭ་དགུན་འབུ་འཐུ་བའི་ཐོབ་ཐང་དང་། རྒྱ་གཞུང་གིས་གཞི་རིམ་འཚོ་སྣོན་རོགས་དངུལ་རིགས་མེད་པ་བཟོ་རྒྱུ། ཉེས་དོན་ཁྲིམས་ཆད་ཀྱི་ཚད་མ་ལོན་པའི་མི་སྣར་དུས་ཡུན་ཟླ་ ༦ རིང་ཁྲིམས་ལུགས་གསོ་སྦྱོང་སློབ་གསོར་ཞུགས་དགོས་པ་བཅས་རེད།  
དེའི་ཁྲོད་དུ་རྒྱལ་མཚམས་བརྒལ་ནས་སྨོན་ལམ་ཆེན་མོར་ཞུགས་རྗེས།  རང་ཡུལ་དུ་ཕྱིར་ལོག་བྱས་པའི་གྲྭ་བཙུན་རྣམས་ཀྱིས།  གོང་གསལ་ཁྲིམས་གཅོད་རིགས་འཁུར་དགོས་པ་མ་ཟད།   དགོན་པའི་སྒྲིག་ཁོངས་ནས་ཕྱིར་འབུད་བྱ་རྒྱུ་དང་། ཆོས་ལུགས་ལས་རིགས་ལག་འཁྱེར་ཕྱིར་བསྡུ་བྱ་རྒྱུ།  དེ་བཞིན། རྒྱ་གཞུང་གི་ལས་ཁུངས་དང་ཁེ་ལས་བྱ་གཞག་ཚན་པའི་ལས་མི་དང་། ལས་འཁྱུར་ངལ་གསོའི་མི་སྣ།  དེ་དག་ནང་མི་བཅས་ཀྱིས་རྒྱལ་མཚམས་བརྒལ་ཏེ་སྨོན་ལམ་ཆེན་མོའི་བྱེད་སྒོར་ཞུགས་ཚེ།  གོང་གསལ་ཁྲིམས་གཅོད་རིགས་འཁུར་དགོས་པ་མ་ཟད། ཁྲིམས་ལུགས་གསོ་སྦྱོང་ནང་ཞུགས་པའི་དུས་ཚོད་རྣམས་ལས་བྱོལ་བྱས་པར་བརྩི་རྒྱུ། 

དེ་བཞིན།  ཆོས་ལུགས་དམ་དྲག་གཏན་འབེབས་དེ་ཉིད་ལག་བསྟར་མ་བྱས་པའི་གོང་ལ།  རྒྱལ་མཚམས་ལས་བརྒལ་ཏེ་༼སྨོན་ལམ་ཆེན་མོ༽ལ་ཞུགས་རྗེས།  ད་བར་ཕྱིར་ལོག་བྱས་མེད་པའི་མི་སྣ་རྣམས་གཅིག་ཀྱང་ཕྱིར་ལོག་བྱས་མི་ཆོག་པ་དང་། ཁོ་ཚོའི་ཐེམ་ཐོ་མེད་པ་བཟོ་རྒྱུ། ཕྱིར་ལོག་བྱས་ཤིང་ཁྲིམས་ཐོག་ནས་ཐག་གཅོད་བྱས་ཟིན་པའི་རིགས་ལ།  མུ་མཐུད་དོ་དམ་བཀག་སྡོམ་ཀྱིས་སློབ་གསོར་ཤུགས་སྣོན་རྒྱག་དགོས་པ།  ཕྱིར་ལོག་བྱས་ཀྱང་ཁྲིམས་ཐོག་ནས་ཐག་གཅོད་བྱ་རྒྱུར་ལྷག་ཡོད་མཁན་དག་ལ། གོང་གསལ་གཏན་འབེབས་གཞིར་བཟུང་ཐག་གཅོད་བྱ་རྒྱུ།

དོན་ཚན་གཉིས་པ་ནི། བརྡ་འཕྲིན་དྲ་རྒྱ་བརྒྱུད་རྒྱ་ནག་དམར་གཞུང་གི་སྲིད་ཇུས་གནོད་གཞིའི་རིགས་དང་།  མི་རིགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་གནས་ཚུལ་རིགས་བརྒྱུད་བསྒྲགས་དང་ཉར་ཚགས་བྱེད་པ།  སྙན་ཚིག་དང་གླུ་གཞས་སོགས་ཀྱི་ལམ་ནས་༧གོང་ས་མཆོག་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་བསྟོད་བསྔགས་དང་།  རྒྱ་གཞུང་དམར་ཤོག་པས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་དམའ་འབེབས་བྱེད་མཁན་རིགས་ལ།  འབྲེལ་ཡོད་ཁྲིམས་ལུགས་གཞིར་བཟུང་ཁྲིམས་ཆད་གཅོད་རྒྱུ་ཡིན་པ་དང་། ཉེས་ཁྲིམས་ཀྱི་ཚད་ལ་མ་ལོན་པའི་རིགས་ལ་བཙན་སྐུལ་སྒོས་དུས་ཡུན་ཟླ་ ༢ རིང་ཁྲིམས་ལུགས་གསོ་སྦྱོང་ལ་ཞུགས་དགོས་པ་དང་། ལོ་ ༢ རིང་དབྱར་རྩྭ་དགུན་འབུ་འཐུ་མི་ཆོག་པ་དང་རྒྱ་གཞུང་གི་གཞི་རིམ་འཚོ་སྣོན་རིགས་མེད་པ་བཟོ་རྒྱུ། དེ་བཞིན། གནས་ཚུལ་དེའི་རིགས་བརྡ་འཕྲིན་གྱི་ལམ་ནས་ཐེངས་ ༢ ནས་ ༥ བར་བརྒྱུད་སྤེལ་བྱས་ཡོད་མཁན་རིགས། བཙན་སྐུལ་སྒོས་དུས་ཡུན་ཟླ་ ༦ རིང་ཁྲིམས་ལུགས་གསོ་སྦྱོང་སློབ་གསོར་ཞུགས་དགོས་པ་མ་ཟད།  མང་ཚོགས་རང་བཞིན་གྱི་བྱེད་སྒོ་དང་གླིང་ཁ་གཏོང་བ་སོགས་ཀྱི་སྐབས་སུའང་།  རྒྱ་གཞུང་གི་སྲིད་ཇུས་ལ་སྐྱོན་བརྗོད་རིགས་བཤད་པ་ཡིན་ནའང་གོང་གསལ་ཉེས་ཆད་དག་ཕོག་ངེས་ཡིན་པ་བསྒྲགས་འདུག

དོན་ཚན་གསུམ་པ་ནི། བོད་རང་སྐྱོང་ལྗོངས་ཀྱི་ཕྱི་ལོགས་སུ་ཡོད་པའི་བོད་ཀྱི་ས་ཁུལ་དག་ནང་དུ། ཆོས་ལུགས་སློབ་སྦྱོང་བྱེད་པར་བསྐྱོད་པའི་ཆོས་ལུགས་མི་སྣ་དང་། སྤྱི་ཚོགས་ཐོག་གནས་ངེས་མེད་ཀྱིས་ཆོས་ལུགས་བྱེད་སྒོ་སྤེལ་མཁན། མི་དམངས་དཀྱུས་མ་སུ་ཡིན་རུང་། ས་གནས་དམར་ཤོག་སྲིད་གཞུང་དང་འཐབ་ཕྱོགས་གཅིག་གྱུར། མི་རིགས་ཆོས་དོན་ཚན་པ་བཅས་རིམ་པ་ལྟར་ཆོག་མཆན་མ་ཞུས་པའམ་མ་ཐོབ་པར་རང་མོས་ཀྱིས་ཆོས་ལུགས་སློབ་སྦྱོང་བྱེད་པར་བསྐྱོད་པ་ཡིན་ན། གྲྭ་བཙུན་རྣམས་དགོན་པའི་སྒྲིག་ཁོངས་ནས་ཕྱིར་འབུད་དང་ཆོས་ལུགས་ལས་རིགས་ལག་ཁྱེར་ཕྱིར་བསྡུ་བྱ་རྒྱུ། གྲྭ་བཙུན་ཚོར་རྒྱ་གཞུང་གིས་སྤྲོད་བཞིན་པའི་འཚོ་སྣོན་རིགས་མེད་པ་བཟོ་རྒྱུ། སྤྱི་ཚོགས་ཐོག་ཆོས་ལུགས་བྱེད་སྒོ་སྤེལ་བའི་རྒྱུ་དངོས་རྣམས་རྒྱ་གཞུང་གིས་འཁྱེར་རྒྱུ་ཡིན་པ་མ་ཟད། ཕྱིར་བོད་རང་སྐྱོང་ལྗོངས་ཁོངས་སུ་ལོག་རྗེས་བཙན་སྐུལ་སྒོས་དུས་ཡུན་ཟླ་ ༦ རིང་ཁྲིམས་ལུགས་གསོ་སྦྱོང་ལ་ཞུགས་དགོས་རྒྱུ།

རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་དང་། ཁེ་ལས་ཚན་པའི་ལས་དོན་མི་སྣ། དེ་བཞིན་ལས་འཁྱུར་ངལ་གསོ་བྱས་པའི་ལས་བཟོ་བ་སོགས། བོད་རང་སྐྱོང་ལྗོངས་ཕྱི་ལོགས་ཀྱི་བོད་ཀྱི་ས་ཁུལ་གཞན་ནང་རང་མོས་ལྟར་ཆོས་སློབ་སྦྱོང་བྱེད་དུ་བསྐྱོད་པ་ཡིན་ན། གླ་ཕོགས་དང་ལས་འཁྱུར་ངལ་གསོའི་ཕོགས་རྣམས་གནས་སྐབས་སྤྲོད་མཚམས་འཇོག་རྒྱུ་མ་ཟད། འབྲེལ་ཡོད་ཁྲིམས་ལུགས་ལྟར་ཐག་གཅོད་ནན་མོ་བྱ་རྒྱུ།  ཕྱིར་ལོག་རྗེས་བཙན་སྐུལ་སྒོས་ཟླ་ ༦ རིང་ཁྲིམས་ལུགས་གསོ་སྦྱོང་སློབ་གསོར་ཞུགས་དགོས་པ་དང་། ཁྲིམས་ལུགས་གསོ་སྦྱོང་དུ་ཞུགས་པའི་དུས་ཡུན་དེ་དག་ལས་བྱོལ་དུ་བརྩི་རྒྱུ། 

སྤྱིར་བཏང་མང་ཚོགས་དཀྱུས་མ་རྣམས་རང་སྐྱོང་ལྗོངས་ཕྱི་ལོགས་ཀྱི་བོད་ཀྱི་ས་ཁུལ་གཞན་ནང་ཆོས་ལུགས་སློབ་སྦྱོང་བྱེད་པར་བསྐྱོད་པ་ཡིན་ན། མི་སྒེར་རང་ཉིད་དང་། ཕ་མ། བཟའ་ཟླ། བུ་ཕྲུག་བཅས་ལ་དབྱར་རྩྭ་འཐུ་བའི་ཐོབ་ཐང་མེད་པ་བཟོ་རྒྱུ། རྒྱ་གཞུང་གིས་གཞི་རིམ་འཚོ་སྣོན་རིགས་མེད་པ་བཟོ་རྒྱུ། བཙན་སྐུལ་སྒོས་ཁྲིམས་ལུགས་གསོ་སྦྱོང་སློབ་གསོར་ཞུགས་དགོས་པ་སོགས་གཏན་འབེབས་བྱས་ཡོད་པ་རེད།

མ་གཞི་ཕྱི་ལོ་ ༢༠༡༣ ལོར་བོད་རང་སྐྱོང་ལྗོངས་ཟེར་བས་འབྲི་རུ་རྫོང་ནི་དམར་ཤོག་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་བསྟར་ཚོད་ལྟའི་ས་ཁུལ་དུ་གཏན་འབེབས་ཐོག  ས་ཁུལ་དེའི་དགོན་སྡེ་དང་གྲོང་གསེབ་ཚང་མར་དམག་མི་དང་ལས་དོན་རུ་ཁག་འབོར་ཆེན་འགྲེམས་འཇོག་བྱས་ཏེ།  ཁྱིམ་ཚང་སོ་སོའི་ཁང་ཁྱིམ་ཐོག་བཙན་གྱིས་རྒྱ་དར་བསྒྲེངས་འཛུགས་བྱེད་བཅུག་པ་དང་། དམར་ཤོག་ལ་དགའ་མོས་བྱེད་དགོས་པ། ༧གོང་ས་མཆོག་ལ་མཚན་སྨད་ཞུ་དགོས་པ་སོགས།  མང་ཚོགས་རྣམས་འདུག་བཟོད་དཀའ་བའི་སུན་གཙེར་རབ་དང་རིམ་པ་བྱས་པར་བརྟེན། ས་གནས་མི་མང་རྣམས་འུ་ཐུག་ཐབས་ཟད་དུ་གྱུར་ཏེ་མང་ཚོགས་རང་བཞིན་གྱི་ཞི་བའི་ངོ་རྒོལ་རིམ་པར་བྱུང་དགོས་ཐུག་ཡོད་ཀྱང་།  རྒྱ་གཞུང་གིས་སོ་སོའི་ནོར་འཁྲུལ་ཅན་གྱི་སྲིད་ཇུས་དེ་ཡོ་སྲིང་བྱེད་རྒྱུ་ལས་ལྡོག་སྟེ།  དམག་མི་མང་པོ་འགྲེམས་འཇོག་གིས་སྔར་ལས་ལྷག་པར་མང་ཚོགས་ལ་དྲག་གནོན་གཅར་རྡུང་དང་འཇུ་བཟུང་བཀག་བསྐྱིལ།  ཁྲིམས་མཐུན་མ་ཡིན་པའི་སྒོ་ནས་ཞི་བའི་སྐད་འབོད་བྱེད་མཁན་དང་། ས་གནས་ཀྱི་རྩོམ་པ་པོ་དང་གཞས་པ་སོགས་མི་མང་པོར་གསང་བའི་སྒོ་ནས་བཙོན་འཇུག་ཁྲིམས་ཆད་བཅད་ཡོད་པ་རེད། 

ཕྱི་ལོ་ ༢༠༡༣ ནས་ད་ལྟའི་བར་ཡོངས་གྲགས་ཤེས་རྟོགས་བྱུང་བ་མི་ ༡༥ ལ་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། དེའི་ཁྲོད་འབྲི་རུ་རྫོང་ཚྭ་ཆུ་ཞང་ལྟར་མོས་དགོན་ནས་ཡིན་པའི་དགེ་བཤེས་ངག་དབང་འཇམ་དབྱངས་ལགས་འཇུ་བཟུང་བཙན་འཁྲིད་ཀྱིས་གཅར་རྡུང་བྱས་ཏེ་རྐྱེན་འདས་སུ་བཏང་རྗེས་སྐུ་ཕུང་ཁོང་ནང་མིར་སྤྲད་ཡོད་པ་རེད། གཞན་རྣམས་ལ་བཙོན་འཇུག་ཁྲིམས་ཐག་ལྕི་ཤོས་ལ་ལོ་ ༡༨ དང་ཡང་ཤོས་ལ་ལོ་ ༢ ཕྱེད་ཀ་བར་བཅད་ཡོད་པ་རེད།

བོད་ནས་གནས་ཚུལ་འབྱོར་དོན་ལྟར་ན། ད་ལོའི་དབྱར་རྩྭ་དགུན་འབུ་བརྐོ་བའི་སྔ་གཞུག་ཏུ་ས་གནས་བོད་མི་བརྒྱ་ཡས་མས་ལ་ཉེས་མིང་སྣ་ཚོགས་བཀལ་ནས་འཇུ་བཟུང་བཀག་བསྐྱིལ་བྱས་ཡོད་འདུག  དེའི་ཁྲོད་མང་པོ་ཞིག་ད་དུང་ཡང་བཙོན་ཁང་ནང་ཡོད་པ་དང་།  མང་ཆེ་བ་བཙོན་ཁང་དུ་ཁྲིད་ནས་ཟླ་བརྒྱད་དགུ་ཕྱིན་ཟིན་ནའང་། ད་དུང་ཁོང་ཚོའི་ནང་མིས་གར་ཡོད་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་མ་ཐུབ་པར་གར་སོང་ཆ་མེད་ཀྱི་གནས་སྟངས་འོག་ལྷག་ཡོད།  

ད་ལྟའི་ཆར་འབྲི་རུ་རྫོང་ནི་རྒྱ་གཞུང་གིས་དམ་དྲག་བཀག་སྡོམ་བྱ་ཁུལ་གཙོ་བོ་ཞིག་ཏུ་གྱུར་ཡོད་ལ།  ལོ་སྔོན་མར་དབྱར་རྩྭ་དགུན་འབུ་བརྐོ་བའི་དུས་སྐབས་ནས་བཟུང་།  སྐད་འཕྲིན་སོགས་བརྡ་འཕྲིན་བརྒྱུད་ལམ་བཀག་སྡོམ་བྱས་ཏེ་ད་ལྟའི་ཆར་ཡང་མུ་མཐུད་གནས་ཡོད་པ་མ་ཟད།  ཐ་ན་མང་ཚོགས་ཀྱི་མི་སེར་ཐོབ་ཐང་ལག་ཁྱེར་བཙན་འཕྲོག་བྱས་ཏེ་ས་ཁུལ་གཞན་དུ་འགྲོ་བསྐྱོད་བདེ་པོ་མེད་པ་བཟོ་བཞིན་པ་སོགས་སུན་གཙེར་བཀག་སྡོམ་སྣ་ཚོགས་འོག་གནས་ཡོད་པའི་གནས་ཚུལ་ཐོན་སོང་།

འགྲོ་བ་མིའི་ཐོབ་ཐང་གིས་གནས་ཚུལ་མཁོ་སྤྲོད་བྱས།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།