རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་སུ་དྲག་རྡུང་ལས་འགུལ་སྤེལ་འཆར།
མཐའ་མའི་བསྐྱར་བཅོས། (༡༢༢༠༠༩༡༤༠༣)
ཤམ་བྷ་ལའི་ཕོ་ཉའི་དྲ་བས་ཕྱི་ལོ་༢༠༠༩ལོའི་ཟླ་༩པའི་ཚེས་༡༡ཉིན་སྤེལ། ཟླ་འདིའི་ཚེས་༨་ཉིན་གྱི་བོད་ལྗོངས་ཉིན་རེའི་ཚགས་ཤོག་ཐོག རྒྱ་ནག་གཞུང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་༦༠འཁོར་བའི་དུས་སྟོན་གྱི་སྔ་རོལ་དུ། བོད་རང་སྐྱོང་ལྗོངས་ཁོངས་སུ་དྲག་རྡུང་ལས་འགུལ་གསར་བ་ཞིག་ལག་ལེན་ཏུ་བསྟར་རྒྱུའི་ཐག་གཅོད་བྱུང་ཡོད་ཚུལ་གྱི་གཞུང་འབྲེལ་གནས་ཚུལ་སྤེལ་ཡོད་འདུགསྔར་ལོར་བོད་མདོ་དབུས་ཁམས་གསུམ་དུ་རྒྱ་རྒོལ་གྱི་ལས་འགུལ་རབ་དང་རིམ་པ་སྤེལ་འགོ་ཚུགས་པ་ནས་བཟུང༌། རྒྱ་ནག་གཞུང་གིས་དམག་ཤུགས་ལ་བརྟེན་ཏེ་བོད་མི་རྣམས་ལ་དྲག་གནོན་དང༌། བོད་མིའི་འགྲོ་སྡོད་ཉལ་གསུམ་གྱི་འཚོ་བར་སྟངས་འཛིན་དམ་དྲག་བྱེད་འགོ་བརྩམས་ཡོད་འདུག ཉེ་འཆར་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཀྲང་ཆིན་ལིས་ཀྱིས་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་ཚོགས་མི་ཚོ་དང༌། བོད་རང་སྐྱོང་ལྗོངས་ཀྱི་བདེ་སྲུང་ཉེན་རྟོག་དམག་མི། དེ་བཞིན་ས་གནས་དཔོན་རིགས་ཚོ་དང་ལྷན་དུ་གཟུགས་མཐོང་བརྙན་འཕྲིན་ལྷན་ཚོགས་ཤིག་སྐོང་འཚོགས་བྱས་ཡོད་འདུག་ཅིང༌། ལྷན་ཚོགས་ཀྱི་ནང་དོན་གཙོ་བོ་ནི། བོད་རང་སྐྱོང་ལྗོངས་ཁོངས་ཀྱི་སྡེ་ཁག་སོ་སོས་སྤྱི་ཚོགས་བརྟན་ལྷིང་གི་ལས་དོན་ཧུར་ཐག་སྒོས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་དགའ་སྟོན་དུས་ཆེན་ཞི་བདེ་ལེགས་འགྲུབ་ཡོང་བར་མཐུན་སྡེབ་མཉམ་ལས་བྱེད་དགོས་སྐོར་འབོད་སྐུལ་ཞུས་ཡོད་འདུག
ཀྲང་ཆིན་ལིས་ཀྱིས་ལྷན་ཚོགས་ཐོག དམར་ཤོག་སྲིད་ཏང་ཚོགས་པའི་ཚོགས་མི་དང་བདེ་སྲུང་ཉེན་རྟོག་དམག་མི་རྣམས་ཆིག་སྒྲིལ་གྱིས་སྔར་ལོའི་ཕྱི་ཟླ་༣པའི་ཚེས་༡༤ཉིན་གྱི་བོད་ནང་གི་ངོ་ལོག་ཟིང་འཁྲུག་ཞི་འཇགས་དང༌། སྤྱི་ཚོགས་བརྟན་ལྷིང་བསྐྱར་བསྐྲུན་བྱས་པའི་བྱས་རྗེས་ཐད་བསྔགས་བརྗོད་བྱས་ཡོད་པ་མ་ཟད། ཏཱ་ལའི་རུ་ཁག་དང་ཁ་བྲལ་རིང་ལུགས་ལ་དུས་ཀུན་དུ་དོགས་ཟོན་དང༌། མེས་རྒྱལ་ཁ་བྲལ་བ་དེ་དག་ཕམ་པར་གཏོང་བར་བློ་མཐུན་ཡོངས་ཀྱིས་འབད་བརྩོན་ལྷོད་མེད་བྱེད་དགོས་ཚུལ་གྱི་གཏམ་བཤད་སྤེལ་ཡོད་འདུག
རྒྱ་གཞུང་གིས་དྲག་རྡུང་ལས་འགུལ་གྱི་མིང་གཡར་ནས་བོད་མི་རིགས་ལ་ཚ་རྡུང་འདྲི་གཅོད་དང༌། དོན་མེད་དུ་འཛིན་བཟུང་བཀག་བསྐྱིལ། བོད་རིགས་ཆབ་སྲིད་བཙོན་ཟུར་རྣམས་ལྷ་ས་ནས་ཕྱིར་འབུད་གཏོང་བ། དེ་བཞིན་དགོན་སྡེ་ཁག་གི་གྲྭ་བཙུན་གྱི་གྲངས་འབོར་ཚད་འཛིན་དམ་དྲག་ཤུགས་ཆེན་གཏོང་བ་སོགས་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་རྡོག་རོལ་གཏོང་ཉེན་ཆེ་བར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་བློ་འཚབ་སྐྱེས་བཞིན་ཡོད་པ་དང་སྦྲགས། དེ་ལྟ་བུའི་ལས་འགུལ་བོད་ནང་དུ་སྤེལ་བར་ངོ་རྒོལ་ཤུགས་ཆེན་བྱེད་བཞིན་ཡོད་འདུག
དེ་ཡང་རྒྱ་གཞུང་གི་ཐེངས་སྔོན་མའི་དྲག་རྡུང་ལས་འགུལ་དེ་ད་ལོའི་ཕྱི་ཟླ་༡པོའི་ཚེས་༡༨ནས་ཕྱི་ཟླ་༢པའི་ཚེས་༣༠་བར་སྤེལ་རིང༌། བོད་རིགས་དོགས་ཡོད་ཉེས་མེད་༥༧༦༦ལྷག་ལ་ཚ་འདྲི་དང་བཙོན་འཇུག་སོགས་ཀྱི་སྡུག་སྦྱོར་གནར་གཅོད་གཏང་ཡོད་འདུག
དྲག་རྡུང་ལས་འགུལ་དེ་རྒྱ་ནག་ནང་ཕྱི་ལོ་༡༩༨༣ལོར་ཐོག་མར་འགོ་འཛུགས་བྱས་ཡོད་འདུག་ལ། ལས་འགུལ་གྱི་དགོས་དམིགས་གཙོ་བོ་ནི་ལྐོག་ཟ་རུལ་སུང་བ་དང་ཁྲིམས་འགལ་ཉེས་ཅན་ཚོར་དྲག་རྡུང་བྱས་ཏེ། སྤྱི་ཚོགས་ཐོག་གི་ལྐོག་ཟ་རུལ་སུང་དང་ཁྲིམས་འགན་བྱ་སྤྱོད་ཇེ་ཉུང་དུ་གཏོང་སླད་ཡིན་མོད། རྒྱ་གཞུང་གིས་དེ་གཉའ་གནོན་དང་སྡུག་སྦྱོར་གཏོང་བྱེད་ཀྱི་ཆབ་སྲིད་ལག་ཆ་ཞིག་དུ་བཀོལ་སྤྱོད་བྱེད་བཞིན་ཡོད་འདུག