choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


དཔའ་བོ་སྒོ་ཤུལ་བློ་བཟང་ལགས་ཀྱི་སྔ་ཕྱིའི་གནས་ཚུལ་མདོར་བསྡུས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༤།༠༤།༡༡ཉིན་སྤེལ། ཐེངས་གཅིག་ཁོང་གིས་གྲོགས་པོ་ཞིག་ལ་རང་ཉིད་པར་ལེན་དུ་བཅུག་ནས་བཤད་དོན། ངའི་པར་འདི་རྒྱ་གར་ལ་བསྐུར་ནས་ྋརྒྱལ་བ་རིན་པོ་ཆེའི་སྤྱན་ལམ་ལ་འབུལ་ཨེ་ཐུབ་ ཞིག་ལྟོས། ལྷག་པར་ང་ལྟ་བུའི་སྡུག་དང་མནར་གཅོད་ཀྱི་འོག་ན་གནས་པའི་བཙོན་མ་དག་གི་བདེ་ སྡུག་གི་གནས་སྟངས་སྙན་ལ་འཇོག་ཨེ་ཐུབ་བལྟ་རོགས།

ཉེ་ཆར་སྤྱི་ལོ་༢༠༡༤ལོའི་ཟླ་༣ཚེས་༡༩ཉིན་རང་ཁྱིམ་དུ་སྐུ་གཤེགས་པའི་རྒྱལ་གཅེས་དཔའ་བོ་སྒོ་ཤུལ་བློ་བཟང་ལགས་ཀྱི་སྔ་ཕྱིའི་གནས་ཚུལ་མདོར་བསྡུས།
རྒྱལ་གཅེས་དཔའ་བོ་སྒོ་ཤུལ་བློ་བཟང་ལགས་ནི། མདོ་སྨད་རྨ་ཆུ་རྫོང་ཁྲོ་ཁོ་དབལ་བཎ་ཚང་གི་རྒྱུ་ཚ་སྡེ་བ་རུ་སྐྱེས་ཤིང་རང་ལོ་༤༢ཡིན། སྤྱི་ལོ་༡༩༩༢ ལོར་རྒྱ་གར་ལ་ཡོང་སྟེ་སུ་ཇ་བོད་ཁྱིམ་སློབ་གྲྭར་ཞུགས།

ལོ་ཤས་རྗེས་ཕྱིར་ཕ་ཡུལ་དུ་ལོག་སྟེ་འབྲོག་པའི་འཚོ་བ་བསྐྱལ།
དགུ་བཅུ་གོ་གྲངས་ནང་རྨ་ཆུའི་ས་ཁུལ་གང་སར་བོད་དོན་སྐོར་གྱི་སྦྱར་ཡིག་གང་མང་སྤེལ་བའི་ལས་འགུལ་ནང་དུ་མཉམ་ཞུགས་བྱས་རྐྱེན་རྫོང་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་ཟླ་ཤས་རིང་གཅར་རྡུང་བཀག་ཉར་བྱས་ཀྱང་ཁོས་ཅི་ཡང་ཁས་མ་བླངས། དེ་རྗེས་རང་ཡུལ་དུ་རྒྱ་གཞུང་གི་གནོན་ཤུགས་ཀྱིས་སྡོད་མ་ཐུབ་སྟབས་ལྷ་ས་སོགས་སུ་འཁྱམས་ཉུལ་བྱས་ཏེ་ལོ་འགར་བསྡད།
ཕྱིར་ཕ་ཡུལ་དུ་ལོག་ནས་དུས་ཐུང་འཛིན་གྲྭ་དང་དོན་གཉེར་ཅན་གང་མང་ལ་དབྱིན་ཡིག་སློབ་ཁྲིད་བྱས།
སྤྱི་ལོ་༢༠༠༨ལོར་བོད་མདོ་དབུས་ཁམས་གསུམ་དུ་༼ས་བྱི་ཞི་རྒོལ་ཆེན་མོ།༽ བྱུང་སྐབས་ཁྲོ་ཁོ་དབལ་བཎ་སྡེ་བའི་ཡུལ་ཚོ་རུ་ཡང་གསུམ་པའི་ཚེས་༡༧  ༡༨  ༡༩ བཅས་ཉིན་གསུམ་རིང་ཞི་བའི་ངོ་རྒོལ་ཡར་ལངས་ཀྱི་སྣེ་ཁྲིད་གཙོ་བོའི་གྲས་ཡིན། དུས་སྐབས་འདི་འདྲ་ཞིག་ནས་ཁོང་གིས་རང་ཁྱིམ་གྱི་སྦྲ་ནག་ཀླད་དུ་བོད་ཀྱི་རྒྱལ་དར་མཐའ་ཤན་དར་ཚོན་སྣ་ལྔས་བྱས་པ་ཞིག་རྒྱུན་རིང་དུ་བསྒྲེངས་འཛུགས་བྱས་འདུག

སྤྱི་ལོ་༢༠༠༩ལོའི་ཟླ་དང་བོའི་ནང་དུ་དབལ་བཎ་སྡེ་བའི་ཡུལ་ཚོ་དང་སྡེ་དགོན་སོ་སོར་བོད་ཀྱི་ལོ་སར་རྒྱས་སྤྲོས་ཅན་གཏོང་མི་རུང་བའི་འབོད་སྐུལ་སྦྱར་ཡིག་༼འབོད་སྐུལ་ངང་མོའི་སྐྱོ་དབྱངས།༽ ཞེས་པ་དང༌། ས་གནས་ཀྱི་རྒྱ་ནག་དང་མཉམ་འབྲེལ་གྱིས་རང་མི་གཡོ་ཚོང་བྱེད་མཁན་དག་ལ་བྱ་ངན་དེ་རིགས་མྱུར་དུ་མཚམས་འཇོག་དགོས་པའི་སྦྱར་ཡིག་༼དྲན་སྐུལ་གསེར་གྱི་དྲུལ་ཆུང༌།༽ ཞེས་པ་གཉིས་སྦྱར་སྤེལ་གྱི་གནས་ཚུལ་བྱུང་སྐབས་སྒོ་ཤུལ་བློ་བཟང་སོགས་ཀྱིས་ས་གནས་ཀྱི་གནས་ཚུལ་གླེང་མོལ་(qq)བརྒྱུད་དེ་བོད་ཕྱིའི་གསར་ལམ་ཁག་ལ་བརྒྱུད་སྤྲོད་བྱས། སྤྱི་ལོ་༢༠༠༨ ལོ་ནས་དབལ་བཎ་ཡུལ་ཚོར་རྒྱ་དམག་གིས་དམངས་ཚོགས་ལ་བཙན་གཉོམ་ཐུབ་ཚོད་བསྟུད་མར་བྱེད་ཀྱིན་ཡོད་སྟབས་སྤྱི་ལོ་༢༠༠༩ ལོའི་ཟླ་༤ ཚེས་༡༠ ཉིན་སྒོ་ཤུལ་བློ་བཟང་སོགས་ཀྱིས་རྒྱ་དམག་ལ་བདེན་པའི་གནས་ལུགས་དང་རྒྱུ་མཚན་བཤད་དེ་ཁ་རྩོད་བྱེད་སྐབས་མཐར་ཛ་དྲག་ཏུ་གྱུར་ནས་རྒྱ་དམག་གིས་སྒོ་ཤུལ་བློ་བཟང་དང༌། གྲགས་པ་གཉིས་ལ་གཅར་རྡུང་ཚབ་ཆེན་བྱས་ཏེ་ལག་ལྕགས་བརྒྱབ་ནས་ཁྲིད་འགྲོ་རྩིས་བྱེད་སྐབས་ས་གནས་མི་དམངས་༤༠༠ལྷག་གིས་རྒྱ་དམག་ལ་ངོ་རྒོལ་དང་རྡོ་ཁ་བྱས་པས་སྒོ་ཤུལ་བློ་བཟང་དང་གྲགས་པ་གཉིས་ལག་ལྕགས་བརྒྱབ་བཞིན་དུ་བྲོས་བྱོལ་ཐུབ། དེ་ནས་བཟུང་སྟེ་རྒྱ་དམག་སྡོད་མ་ཐུབ་པར་གནས་སྐབས་ཕྱིར་འཐེན་བྱ་དགོས་ཐུག སྤྱི་ལོ་༢༠༠༩ ལོའི་ཟླ་༤ཚེས་༡༢ཉིན་རྨ་ཆུ་རྫོང་གིས་དབལ་བཎ་སྡེ་བའི་རི་ཆེན་ཁག་གི་སྡེ་དཔོན་རྣམས་སྐད་བཏང་སྟེ་སྒོ་ཤུལ་བློ་བཟང་སོགས་ས་བྱི་ཞི་རྒོལ་གྱི་སྣེ་ཁྲིད་པ་མི་ལྔ་རྩིས་སྤྲོད་བྱ་དགོས་པའི་བཙན་བཀའ་དང༌། གལ་སྲིད་ཁོང་ཚོ་རྩིས་སྤྲོད་མ་བྱས་ན་ས་གནས་ལ་ཛ་དྲག་བཙན་གནོན་གྱི་ལས་འགུལ་སྤེལ་རྒྱུའི་འཇིགས་སྐུལ་བྱས། འོན་ཀྱང་སྒོ་ཤུལ་བློ་བཟང་སོགས་མི་མེད་ལུང་སྟོང་གི་རི་མགོ་སོགས་ལ་བྲོས་བྱོལ་བཀབ་སྦས་བྱས་ཏེ་ལྟོག་སྐོམ་གྲང་སྡུག་གི་ངང་ནས་ཟླ་ངོ་མང་བོ་བསྐྱལ་ཏེ་བསྡད།


སྤྱི་ལོ་༢༠༡༠ ལོའི་ལོ་མགོ་ཞིག་ནས་སྒོ་ཤུལ་བློ་བཟང་ལགས་ཀྱིས་འདི་ལྟར་ལོ་དང་ཟླ་བ་བསྟུད་དེ་མི་མེད་ལུང་སྟོང་སོགས་སུ་སྦས་ཏེ་བསྡད་ན་དོན་སྙིང་ཅི་ཡང་མི་འདུག དེ་ལས་བོད་མི་ས་ཡ་དྲུག་གི་བདེ་སྡུག་དང༌། བོད་རྒྱལ་ཁབ་ཀྱི་ཆོས་སྲིད་ལ་ཕན་ཅུང་ཟད་ཙམ་རེ་ཐོགས་སོང་ན། ང་ལྟ་བུ་བཙོན་ཁང་དུ་སྡོད་དགོས་བྱུང་ན་ཡང་འགྱོད་རྒྱུ་མི་འདུག རང་ཉིད་གཅིག་པུ་མི་སུས་ཀྱང་མི་མཐོང་ས་ཞིག་ནས་ལྐོག་ཏུ་འཛིན་བཟུང་བྱ་འགྲོ་བ་ལས་རྒྱ་ཆེས་མི་མང་གིས་རིག་ས་མཐོང་ས་ནས་བཟུང་སོང་ན་དེའི་དགའ། ཞེས་དབལ་བཎ་ཡུལ་ཚོ་སོགས་སུ་མངོན་གསལ་དུ་འགྲོ་སྡོད་བྱས།
སྤྱི་ལོ་༢༠༡༠ ལོའི་ཟླ་༦ ཚེས་༢༩ ཉིན་རྨ་ཆུ་རྫོང་གི་ཉེན་རྟོག་པས་སྒོ་ཤུལ་བློ་བཟང་ལགས་དོན་དག་གནས་ཚུལ་གཞན་རེ་ལ་ཁ་གཡར་ཏེ་འཛིན་བཟུང་བྱས་ཏེ་ཟླ་བ་ལྔ་མ་ཟིན་ཙམ་ལ་རྨ་ཆུ་རྫོང་དུ་བཀག་ཉར་གྱིས་གཅར་རྡུང་ཚ་འདྲི་ཚད་ལས་བརྒལ་བ་བྱས་ཤིང་ཐ་ན་ཟས་དང་གཉིད་བཀག་པ་དང༌། ཟུག་གཟེར་གཏོང་བའི་དུག་ཁབ་བརྒྱབ་པ་སོགས་མི་སྤྱོད་ལས་འདས་པའི་མནར་གཅོད་བཏང༌།

སྤྱི་ལོ་༢༠༡༠ ལོའི་ཟླ་༡༡  ཚེས་༢༦ ཉིན་ཀན་ལྷོ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་སྒོ་ཤུལ་བློ་བཟང་ལགས་ལ་ལོ་བཅུ་ཐམ་པའི་ཁྲིམས་ཐག་བཅད་དེ་ལན་ཀྲུའུ་ནས་སྤྱི་ལེ་བརྒྱ་ཡས་མས་ཤིག་ཏུ་ཡོད་པའི་ཏེན་ཤན་གྲོང་ཁྱེར་གྱི་བཙོན་ཁང་དུ་བཙོན་འཇུག་བྱས། བཙོན་ཁང་དེ་ནས་ཀྱང་དགོས་ངེས་ཀྱི་སྨན་བཅོས་དང་བཟའ་བཏུང་མ་སྤྲད་སྟབས་ནད་མནར་གྱིས་ཁོང་གི་ཤ་སྐམ་ཞིང་ལུས་རུད་པར་གྱུར་པ་མ་ཟད་སྔར་དུག་ཁབ་བརྒྱབ་པའི་རྐྱེན་གྱིས་བཟོད་དུ་བྲལ་བའི་ཟུག་གཟེར་ཧ་ཅང་ཆེན་པོ་ཡོད་ནའང་དེ་མུར་ལོ་གསུམ་ལྷག་ལ་སྨན་བཅོས་སོགས་ཀྱི་ལྟ་སྐྱོང་གང་ཡང་མེད་པར་ལུས།

སྤྱི་ལོ་༢༠༡༣ ཟླ་༡༡ ནང་དུ་ཁོང་གི་གཟུགས་པོའི་གནས་སྟངས་ཧ་ཅང་སྐྱོ་རུ་སོང་སྟེ་གསོན་གནས་མི་ཐུབ་པའི་མཚམས་ལ་སླེབས་དུས་བཙོན་ཁང་དུ་འདས་གྲོངས་སུ་སོང་བའི་ངན་ཁག་གཡོལ་ཆེད་ཟླ་དེའི་ཚེས་༢༩ ཉིན་ཕྱིར་རང་ཁྱིམ་དུ་བཏང༌། དེ་ནས་ཁོང་གི་ནང་མི་གཉེན་ཉེ་ཚོས་སྨན་བཅོས་དང་ཞབས་རིམ་གང་ཐུབ་ཅི་ནུས་བྱས་ཀྱང་ཕན་ཐོགས་ཆེར་ཐོན་མི་འདུག ཉེ་ལམ་ཁོང་གི་དབུགས་རྒྱུན་མ་ཆད་པའི་ཟླ་གཅིག་ལྷག་གི་རིང་ལ་བཟའ་བཏུང་སོགས་ཅི་ཡང་མ་སོང་སྟེ་ལྟོག་སྐོམ་དང་ཟུག་གཟེར་དྲག་པོ་མི་གཞན་གྱིས་མཐོང་ན་བལྟ་མི་བཟོད་པ་ལྟ་བུའི་གསོན་སྡུག་མྱོང་འདུག སྐབས་རེར་ཁ་ཅུང་ཟད་རེ་གྲག་ཐུབ་དུས་ཁོང་གིས་སྔར་བཞིན་རང་གི་སེམས་ཀྱི་དམ་བཅའ་དང་ཡིད་ཆེས་ལ་འགྱུར་བ་ཅུང་ཟད་ཀྱང་མེད་པར། ངས་སྡུག་ཅི་འདྲ་མྱངས་ན་ཡང་བོད་ཀྱི་ཆོས་དང་རིག་གཞུང་དང༌། བོད་མི་ས་ཡ་དྲུག་གི་དོན་ཡིན་པས་འགྱོད་པ་སྤུ་རྩེ་ཙམ་ཡང་མེད་ཅེས་དང༌།

ཡང་ཐེངས་གཅིག་ཁོང་གིས་གྲོགས་པོ་ཞིག་ལ་རང་ཉིད་པར་ལེན་དུ་བཅུག་ནས་བཤད་དོན། ངའི་པར་འདི་རྒྱ་གར་ལ་བསྐུར་ནས་ྋརྒྱལ་བ་རིན་པོ་ཆེའི་སྤྱན་ལམ་ལ་འབུལ་ཨེ་ཐུབ་ཞིག་ལྟོས། ལྷག་པར་ང་ལྟ་བུའི་སྡུག་དང་མནར་གཅོད་ཀྱི་འོག་ན་གནས་པའི་བཙོན་མ་དག་གི་བདེ་སྡུག་གི་གནས་སྟངས་སྙན་ལ་འཇོག་ཨེ་ཐུབ་བལྟ་རོགས།

འདི་ངའི་སྒེར་དོན་ལྟ་བུ་ཞིག་ཡིན་ནའང་འབྲོག་གླེན་ཉམས་ཆུང་ནུས་མེད་ཅིག་གི་འཆི་ཁའི་རེ་བ་ཆུང་ཆུང་ཞིག་ཡིན། ཞེས་བརྗོད་འདུག་ལ་སྐད་ཆའམ་ཁ་བརྡ་འདི་དག་ཁོང་གི་མི་ཚེའི་ནང་གི་ཆེས་མཐའ་མའི་རེ་བ་དང་ཁ་ཆེམས་དག་ཡིན་འདུག

གཞན་ཡང་སྤྱི་ལོ་༢༠༡༤ལོའི་ཟླ་༣ཙེས་༡ཉིན་ཁོང་གིས་སྔར་བཙོན་ཁང་དུ་ཡོད་སྐབས་བྲིས་པའི་ཁ་ཆེམས་ལྟ་བུའི་རྩོམ་ཡིག་༼འགྱོད་སེམས་མེད་པའི་ཁྲིམས་པ།༽ཞེས་པ་ཡང་ཉམས་ཐག་པའི་རང་གི་འདྲ་པར་གཤམ་ལ་འབྲི་འགོད་བྱས་ཏེ་གྲོགས་པོ་ཁ་ཤས་ལ་སྤྲད་འདུག

མཐར་སྤྱི་ལོ་༢༠༡༤ལོའི་ཟླ་༣ཚེས་༡༩ཉིན་གྱི་སྔ་བོ་ཆུ་ཚོད་གཅིག་ཡས་མས་ཤིག་ལ་ཚེ་ལས་འདས་འདུག་ལ་ཚེས་༢༦ཉིན་ཕུང་བོ་ཞུགས་འབུལ་བྱ་རྒྱུ་ཡིན་འདུག
ཁོང་གི་ཤུལ་ལུས་ནང་མི་ནི།  ཁོང་གི་ཨ་མ་ཏཱར་སྒྲོན་ལོ་༧༣ ཅན་དང༌། བཟའ་ཟླ་ཏཱར་པེ་ལོ་༣༩ ཅན། བུ་ཤེས་རབ་ལོ་༡༨ ཅན། བུ་མོ་སྒྲོན་མ་ལོ་༡༤ ཅན་བཅས་ཡོད་འདུག་པའི་གནས་ཚུལ་དང༌། རྒྱལ་གཅེས་དཔའ་བོ་ཁོང་གི་མཛད་རྗེས་མདོར་བསྡུས་ཏེ་ཁོང་དང་ཕ་ཡུལ་གཅིག་པ་འགས་ཆེད་དུ་སྤེལ་བ་ལགས་སོ།

ཟུར་ཞུ།  ཁོང་གིས་སྤྱི་ལོ་༢༠༠༨ ལོ་ནས་བགྲེངས་འཛུགས་བྱས་པའི་བོད་ཀྱི་རྒྱལ་དར་གྱི་པར་དང༌། ཁོང་གི་རྩོམ་ཡིག་འགྱོད་སེམས་མེད་པའི་ཁྲིམས་པ་ཞེས་པའི་པར། ཁོང་གི་པར་བཅས་འདི་མཉམ་བསྐུར་ཡོད།
གཞན་ཡང་ཁོང་གི་གནས་ཚུལ་མདོར་བསྡུས་འདི་སྐུར་དགོས་དོན་ཉེ་ཆར་དྲ་ལམ་ལ་སྤེལ་བཞིན་པའི་ཁོང་གི་གནས་ཚུལ་རྣམས་ལ་ཅུང་ཟད་རེ་ནོར་བ་དང༌། ཁ་མ་ཚང་བ་ལྟ་བུ་ཅུང་རེ་འདུག་སྟབས་ཕ་ཡུལ་གྱི་འབྲེལ་ཡོད་མི་ལ་སྐད་ཆ་དྲིས་ཤིང༌། ༢༠༠༨ ལོར་རང་གིས་ཕབ་པའི་ཚིག་ཐོ་དག་ལ་བསྡུར་ཏེ་བྲིས་པ་ཡིན་པས་ལྟོས་འཇོག་གིས་འདི་ཅུང་ཟད་དག་པས་ཡིན་ལགས།  མཐར་འཕྲིན་ཐུང་འདི་དེ་གར་འབྱོར་བ་ན་ཅིས་ཀྱང་འབྱོར་ལན་ཙམ་ཡོད་པར་ཞུ་རྒྱུ་དང༌། ད་དུང་གནས་ཚུལ་འདིའི་སྐོར་ལ་མི་གསལ་བ་ཡོད་ན་ཕྲན་ལ་ཁ་པར་གཏོང་རོགས་ཞུ།

ངའི་ཁ་པར་ཨང༌། ༩༩༨༦༤༧༦༦༧༠

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།